Degé Kangyur volume 45, F.240.b

མཆོད་ཅེས་བྱ། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །​བདུན་ཅུ་རྩ་གཉིས་ཡབ་ནི་ཚངས་བཟངས་ཡིན། །​ཆོས་ཀྱི་དབང་ཕྱུག་མ་ནི་རྒྱལ་བའི་ཡུམ། །​སྲས་པོ་ཁ་སྒྱུར་ཕམ་མེད་རིམ་གྲོ་པ། །​དགྲ་འཇོམས་པ་ཞེས་བྱ་བ་མཁས་པ་སྟེ། །​འཇིག་རྟེན་འཇིགས་པ་མེད་པ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བདུན་ཅུ་གཉིས་ཀུན་ལའང་། །​སྲིད་གསུམ་རྣམ་གྲོལ་ཡིད་ལྡན་མི་སློབ་པར། །​ཐེར་འབུམ་ཐེར་འབུམ་དག་ནི་ཡོད་པར་འགྱུར། །​མི་ཚེ་ལོ་གྲངས་བདུན་ཁྲི་དྲུག་སྟོང་ཡིན། །​ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག །​ལོ་གྲངས་བདུན་ཁྲི་ཚང་བར་གནས་པར་འགྱུར། །​ལྷ་མི་དག་ལ་ཕན་དང་བདེ་བའི་ཕྱིར། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་པར་འགྱུར། །​འཇིག་རྟེན་མཆོག་མ་དབྱངས་ནི་བཟང་པོ་ཡི། །​སྐྱེ་བའི་ཡུལ་ནི་ཡིད་འོང་ལྡན་ཞེས་བྱ། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །​སུམ་ཅུ་རྩ་གཉིས་ཡབ་ནི་ཚངས་བཟངས་ཡིན། །​གྲགས་ལྡན་ང་རོ་ཞེས་བྱ་རྒྱལ་བའི་ཡུམ། །​སྲས་པོ་རབ་ཞི་ལེགས་ཞི་རིམ་གྲོ་པ། །​རབ་ཞི་དགའ་ཞེས་བྱ་བ་མཁས་པ་སྟེ། །​གསལ་བར་གནས་ཞེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་སུམ་ཅུ་དྲུག་ཀུན་ལའང་། །​འཇིག་རྟེན་ཕན་ཕྱིར་གནས་པའི་དགྲ་བཅོམ་པ། །​བྱེ་བ་ཕྲག་ནི་སུམ་ཅུ་གཉིས་གཉིས་ཡོད། །​མི་ཚེ་ལོ་གྲངས་སུམ་ཁྲི་ཉིས་སྟོང་ཡིན། །​དམ་ཆོས་ལོ་གྲངས་ཉི་ཁྲི་དྲུག་སྟོང་གནས། །​རྒྱལ་བའི་སྐུ་གདུང་དག་གི་མཆོད་རྟེན་ནི། །​དཔག་ཚད་བརྒྱ་པ་གཅིག་ནི་འབྱུང་འགྱུར་ཏེ། །​རིན་ཆེན་སྟོང་སྙེད་དག་གིས་རྣམ་པར་སྤྲས། །རྒྱལ་བ་ཤེས་རབ་ཆེན་པོའི་སྟེགས་དག་གི། །​སྐྱེ་བའི་ཡུལ་ནི་འཇིག་རྟེན་ཚོགས་ཞེས་བྱ། །​རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །​ཉི་ཤུ་རྩ་གཉིས་ཡབ་ནི་བློ་གྲོས་ཅན། །​ཤེས་རབ་མཆོག་མ་རྒྱལ་ཡུམ་ཤེས་རབ་ཅན། །​སྲས་ཡིན་ཤེས་རབ་བཟང་པོ་རིམ་གྲོ་པ། །​ཤེས་རབ་འབྱུང་གནས་ཞེས་བྱ་མཁས་པ་སྟེ། །​ཤེས་རབ་སྣང་བར་བྱེད་པ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བཅུ་སྟེ་ཀུན་ལ་ཡང་། །​རྒྱ་མཚོ་ལྟ་བུའི་བློ་དང་ལྡན་པ་པོ། །​བྱེ་བ་ཕྲག་ནི་བདུན་ཅུ་བཞི་བཞི་ཡོད། །​མི་ཚེ་ལོ་གྲངས་སུམ་ཁྲི་བཞི་སྟོང་ཡིན། །​དམ་ཆོས་ལོ་གྲངས་སུམ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14334#UT22084-045-001-14334