Degé Kangyur volume 45, F.241.a

ཁྲི་དྲུག་སྟོང་གནས། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ལ། །​དཔག་ཚད་སུམ་ཅུ་པ་སྟེ་གསེར་ལས་བྱས། །​མུ་ཏིག་བླ་རེར་ལྡན་ཞིང་གསེར་གྱིས་སྤྲས། །​དེ་བཞིན་གཤེགས་པ་བློ་གྲོས་ཟླ་མེད་པའི། །​སྐྱེ་བའི་ཡུལ་ནི་མཁས་པས་མཆོད་ཅེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །​དཔག་ཚད་བརྒྱ་ཡོད་ལྟེ་བ་བཟང་པོ་ཡབ། །​ཡོན་ཏན་མཆོད་རྟེན་ཞེས་བྱ་རྒྱལ་བའི་ཡུམ། །​སྲས་པོ་བློ་ལྡན་དྲན་ལྡན་རིམ་གྲོ་པ། །​བྱང་ཆུབ་འོད་ཅེས་བྱ་བ་མཁས་པ་སྟེ། །​ཡེ་ཤེས་འོད་བྱེད་པ་ནི་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བདུན་ཅུ་ཀུན་ལ་ཡང་། །​འཁྲུལ་མེད་ཡོན་ཏན་ཕ་རོལ་ཕྱིན་པ་པོ། །​བྱེ་བ་ཕྲག་ནི་བདུན་ཅུ་དྲུག་དྲུག་ཡོད། །​མི་ཚེ་ལོ་གྲངས་བདུན་ཁྲི་ཉིས་སྟོང་ཡིན། །​བདེན་པ་གསུང་བ་མྱ་ངན་འདས་ནས་ཀྱང་། །​དམ་ཆོས་ལོ་གྲངས་བདུན་ཁྲིར་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །​མཆོད་རྟེན་གྲངས་ནི་ཐེར་འབུམ་དགུ་བཅུ་འབྱུང་། །​དེ་བཞིན་གཤེགས་པ་རྡོ་རྗེ་མཁྲེགས་པ་ཡི། །​སྐྱེ་ཡུལ་རབ་ཏུ་འདུལ་བར་དཀའ་ཞེས་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​དཔག་ཚད་བརྒྱ་ཡོད་ཡབ་ནི་དབྱེར་མེད་ཡིན། །​མི་ཐུབ་ཐུབ་ནི་རྒྱལ་ཡུམ་བསམ་གཏན་འགྲོ། །​སྲས་ཡིན་ཆགས་པ་མེད་པ་རིམ་གྲོ་པ། །​མཐུ་རྩལ་བརྟན་པོ་ཞེས་བྱ་མཁས་པ་སྟེ། །​འགྲོས་མི་འཁྱིལ་ཞེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །​མཆོག་ཏུ་ཞི་བར་ཕྱིན་པའི་བསམ་གཏན་པ། །​བྱེ་བ་ཕྲག་ནི་བརྒྱད་ཅུ་བཞི་བཞི་ཡོད། །​མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །​ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག །​ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས་པར་འགྱུར། །​སྐུ་གདུང་མཆོད་རྟེན་དཔག་ཚད་བཅུ་གཅིག་པ། །​གཅིག་སྟེ་རིན་ཆེན་བརྒྱ་སྙེད་དག་གིས་སྤྲས། །​དེ་བཞིན་གཤེགས་པ་བྱང་ཆུབ་བློ་གྲོས་ཀྱི། །​སྐྱེ་བའི་ཡུལ་ནི་བློ་གྲོས་འཆང་ཞེས་བྱ། །​རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །​ཉི་ཤུ་རྩ་གཉིས་ཡབ་ནི་ཤེད་བུ་ཡིན། །​སྤོས་ལྡན་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་བློ་ལྡན་བློ་ཆེན་རིམ་གྲོ་པ། །​བྱང་ཆུབ་རྒྱལ་མཚན་ཞེས་བྱ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14335#UT22084-045-001-14335