Degé Kangyur volume 45, F.240.a

གཞོལ་ཞེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་ཉི་ཤུ་བཞི་ཀུན་ལའང་། །​གཏི་མུག་མེད་གྱུར་ཞི་བའི་བསམ་གཏན་པ། །​བྱེ་བ་ཕྲག་ནི་ཁྲི་ཕྲག་གཉིས་གཉིས་ཡོད། །​མི་ཚེ་ལོ་གྲངས་ཉི་ཁྲི་ལྔ་སྟོང་ཡིན། །​མགོན་པོ་མཆོག་མ་མྱ་ངན་འདས་ནས་ཀྱང་། །​དམ་ཆོས་ལོ་གྲངས་བདུན་ཁྲི་དྲུག་སྟོང་གནས། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །​དཔག་ཚད་བརྒྱ་པ་ཁོར་ཡུག་བླ་རེར་ལྡན། །​འཇིག་རྟེན་མགོན་པོ་བསྙེངས་པ་མེད་པ་ཡི། །​སྐྱེ་བའི་ཡུལ་ནི་ཡེ་ཤེས་ཚོགས་ཞེས་བྱ། །​རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །​བདུན་ཅུ་རྩ་གཉིས་ཡབ་ནི་མཐུ་ལྡན་ཡིན། །​འགྲོ་བས་མཆོད་ཅེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་བྱམས་ལྡན་སྐྱོན་མེད་རིམ་གྲོ་པ། །​ཡོན་ཏན་མཐུ་རྩལ་ཞེས་བྱ་མཁས་པ་སྟེ། །​འཇིགས་པ་མེད་པའི་བློ་ནི་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །​བདུད་ཀྱི་དཔུང་དག་དཔུང་མེད་བྱེད་པ་པོ། །​བྱེ་བ་ཕྲག་ནི་ཁྲི་ཕྲག་བཅུ་བཅུ་ཡོད། །​མི་ཚེ་ལོ་གྲངས་དགུ་ཁྲི་དགུ་སྟོང་ཡིན། །​རྒྱལ་བའི་དམ་ཆོས་ལོ་གྲངས་སྟོང་ཕྲག་ནི། །​དགུ་བཅུ་རྩ་དྲུག་བར་དུ་གནས་པར་འགྱུར། །​ལྷ་མི་དག་ལ་ཕན་ཕྱིར་རྒྱལ་བ་ཡི། །​སྐུ་གདུང་རྒྱས་ཤིང་རྣམ་པར་གང་བར་འགྱུར། །​དེ་བཞིན་གཤེགས་པ་གཟི་བརྗིད་ཆེན་པོ་ཡི། །​སྐྱེ་བའི་ཡུལ་ནི་འཇིག་རྟེན་ལྟ་ཞེས་བྱ། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །​དགུ་བཅུ་རྩ་དགུ་གཟི་བརྗིད་བཟང་པོ་ཡབ། །​ཟླ་ལྟ་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་བློ་ལྡན་བློ་བཟངས་རིམ་གྲོ་པ། །​ཡེ་ཤེས་འགྲོས་ཞེས་བྱ་བ་མཁས་པ་སྟེ། །​ཆོས་ལ་རྣམ་པར་ལྟ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་དྲུག་ཅུ་གཉིས་ཀུན་ལའང་། །​ཆགས་མེད་དངོས་པོ་མེད་པར་སོང་བ་པོ། །​བྱེ་ཕྲག་སུམ་ཅུ་གཉིས་གཉིས་ཚང་བར་ཡོད། །​མི་ཚེ་ལོ་གྲངས་དག་ནི་དྲུག་ཁྲི་ཡིན། །​རྒྱལ་བ་མྱ་ངན་འདས་ནས་དམ་ཆོས་དག །​ལོ་གྲངས་དྲུག་ཁྲིའི་བར་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །​དཔག་ཚད་དྲུག་པ་གསེར་གྱི་བླ་རེར་ལྡན། །​དེ་བཞིན་གཤེགས་པ་ཚངས་པའི་དབྱངས་དག་གི། །​སྐྱེ་བའི་ཡུལ་ནི་མཆོད་རྟེན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14333#UT22084-045-001-14333