Degé Kangyur volume 45, F.238.a

ཅན། །​འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །​ཐམས་ཅད་ཆགས་མེད་གྱུར་པ་བསམ་གཏན་པ། །​བྱེ་བ་ཕྲག་ནི་ཉི་ཤུ་བཞི་བཞི་ཡོད། །​མི་ཚེ་ལོ་གྲངས་ཉི་ཁྲི་ཉིས་སྟོང་ཡིན། །​སྣང་བ་མེད་པར་ཕྱིན་པའི་དམ་ཆོས་དག །​ལོ་གྲངས་ཉི་ཁྲི་བཞི་སྟོང་བར་དུ་གནས། །​འགྲོ་བའི་དོན་དུ་རྒྱལ་བའི་སྐུ་གདུང་དག །​འཇིག་རྟེན་གསུམ་ཀུན་རྒྱས་ཤིང་གང་བར་འགྱུར། །​རྡུལ་དང་བྲལ་བའི་པད་མའི་མཛོད་སྐྱེ་བའི། །​ཡུལ་ནི་པད་མའི་ཕུང་པོ་ཞེས་ཀྱང་བྱ། །​རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །​བདུན་ཅུ་རྩ་དྲུག་ཡབ་ནི་པད་མ་བཟང་། །པད་དཔལ་མ་ནི་རྒྱལ་ཡུམ་སྲས་པོ་ནི། །​སྙིང་རྗེ་ཆེན་པོ་ཐོག་ནི་རིམ་གྲོ་པ། །​ཡོན་ཏན་མེ་ཏོག་འཛིན་པ་བློ་ཅན་ཏེ། །​མཆོག་སྲེད་ཅེས་ནི་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བཅུ་གསུམ་ཀུན་ལ་ཡང་། །​ཆ་གཉིས་དག་ལས་རྣམ་གྲོལ་དགྲ་བཅོམ་མཆོག །​བྱེ་བ་ཕྲག་ནི་ཉི་ཤུ་བཞི་བཞི་ཡོད། །​མི་ཚེ་ལོ་གྲངས་དྲུག་ཁྲི་དྲུག་སྟོང་ཡིན། །​དམ་ཆོས་ལོ་གྲངས་ཉི་ཁྲི་བཞི་སྟོང་གནས། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །​མཆོད་རྟེན་བྱེ་བ་སྟོང་ཕྲག་བཅུ་དྲུག་སྟེ། །​མཆོད་རྟེན་དེ་ཀུན་རིན་ཆེན་བདུན་ལས་བྱས། །​འཇིག་རྟེན་མཆོག་མ་འོད་ཟེར་བཟང་པོ་ཡི། །​སྐྱེ་ཡུལ་འོད་ཟེར་སྣང་བར་བྱེད་ཅེས་བྱ། །​རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །​ཉི་ཤུ་རྩ་བཞི་འོད་ཟེར་ཆེན་པོ་ཡབ། །​དགའ་བ་གྲགས་འཛིན་མ་ནི་རྒྱལ་བའི་ཡུམ། །​སྲས་པོ་པད་མ་ལེགས་མཐོང་རིམ་གྲོ་པ། །​ཆགས་པ་མེད་པའི་སྒྲ་ནི་བློ་ཅན་ཏེ། །​གླེང་བའི་ང་རོ་ཞེས་བྱ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ཉི་ཤུ་ཀུན་ལ་ཡང་། །​མེ་འོད་འཕྲོ་བ་ལྟར་ནི་ཆགས་མེད་པ། །​བྱེ་བ་ཕྲག་ནི་སུམ་ཅུ་གཉིས་གཉིས་ཡོད། །​མི་ཚེ་ལོ་གྲངས་ཉི་ཁྲི་བཞི་སྟོང་ཡིན། །​ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག །​ལོ་གྲངས་ཉི་ཁྲི་ལྔ་སྟོང་བར་དུ་གནས། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །​དཔག་ཚད་བརྒྱ་པ་གསེར་གྱི་འོད་དང་ལྡན། །​དེ་བཞིན་གཤེགས་པ་སྤོབས་པའི་མདོག་དག་གི། །​སྐྱེ་བའི་ཡུལ་ནི་སྤོབས་པའི་མདོག་ཅེས་བྱ། །​རྒྱལ་བ་དེ་ཡི་རིགས་ནི་བྲམ་ཟེ་ཡིན། །​འོད་ནི་མཐའ་ཡས་བདག་ཉིད་ཆེན་པོ་ཡབ། །​འོད་ཀྱི་ཁ་དོག་ཅན་ནི་རྒྱལ་བའི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14329#UT22084-045-001-14329