Degé Kangyur volume 45, F.237.a

དོན་དགོངས་གཏི་མུག་བྲལ། །​སྐྱེ་ཡུལ་རྣམ་པར་གྲོལ་བ་མཆོག་ཅེས་བྱ། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །​སུམ་ཅུ་རྩ་གསུམ་ཡབ་ནི་ལེགས་བཟང་ཡིན། །​བཟང་བྱེད་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་བཟང་ལྡན་ཟླ་ལེགས་རིམ་གྲོ་པ། །​ཡོན་ཏན་གྲགས་པར་བྱེད་པ་བློ་ཅན་ཏེ། །​འཇིག་རྟེན་རྣམ་པར་སྣང་བྱེད་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་དགུ་བཅུ་གཅིག་ཀུན་ལའང་། །​ཁུར་བོར་ཕ་རོལ་དག་ཏུ་ཕྱིན་པ་པོ། །​བྱེ་བ་ཕྲག་ནི་དགུ་བཅུ་དགུ་དགུ་ཡོད། །​མི་ཚེ་ལོ་གྲངས་དགུ་ཁྲི་ཆིག་སྟོང་ཡིན། །​མྱ་ངན་འདས་པ་དེ་ཡི་དམ་ཆོས་དག །​ལོ་གྲངས་བདུན་ཁྲིའི་བར་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །​དཔག་ཚད་ལྔ་པ་ཀུན་ནས་ལེགས་པར་སྤྲས། །​སངས་རྒྱས་དབྱངས་ཀྱི་ཡན་ལག་ཁྱད་འཕགས་ཀྱི། །​སྐྱེ་ཡུལ་ཁྱད་འཕགས་སྣང་བར་བྱེད་ཅེས་བྱ། །​རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །​བདུན་ཅུ་རྩ་གཉིས་ཡབ་ནི་ང་རོ་མཆོག །​གདངས་མཆོག་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །​ཁ་ལོ་སྒྱུར་སྲས་ཡིད་འཐད་རིམ་གྲོ་པ། །​རབ་ཏུ་ཞི་བའི་ང་རོ་མཁས་པ་སྟེ། །​དབྱངས་ཀྱི་ཡན་ལག་ཁྱད་འཕགས་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་ཉི་ཤུ་དྲུག་ཀུན་ལའང་། །​ལྟ་བ་བསལ་བ་གཏི་མུག་མེད་གྱུར་པ། །​བྱེ་བ་ཕྲག་ནི་ཉི་ཤུ་རེ་རེ་ཡོད། །​མི་ཚེ་ལོ་གྲངས་ཉི་ཁྲི་བཞི་སྟོང་ཡིན། །​མྱ་ངན་འདས་པ་དེ་ཡི་དམ་ཆོས་དག །​ལོ་གྲངས་བདུན་ཁྲིའི་བར་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་བརྒྱད་པ་གསེར་གྱིས་མཛེས་པར་བྱས། །​རྒྱལ་བ་མཆོག་ཏུ་མཛེས་པར་གཤེགས་པ་ཡི། །​སྐྱེ་བའི་ཡུལ་ནི་འཇིག་རྟེན་བསྔགས་ཞེས་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​དཔག་ཚད་བརྒྱ་ཡོད་ཡབ་ནི་ལྷ་བཟང་ཡིན། །​ཆོས་ཀྱི་དབང་ཕྱུག་མ་ནི་རྒྱལ་བའི་ཡུམ། །སྲས་པོ་ཐར་བྱེད་རྣམ་ཐར་རིམ་གྲོ་པ། །​ཡོན་ཏན་མཆོད་རྟེན་ཞེས་བྱ་མཁས་པ་སྟེ། །​རྣམ་གྲོལ་གསལ་ཞེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་ཉི་ཤུ་གསུམ་ཀུན་ལའང་། །​དགྲ་བཅོམ་ཟླ་བ་ཉ་དང་འདྲ་བ་པོ། །​དེ་དག་ཐེར་འབུམ་ཕྲག་ནི་གསུམ་གསུམ་ཡོད། །​མི་ཚེ་ལོ་གྲངས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14327#UT22084-045-001-14327