Degé Kangyur volume 45, F.234.b

རྟེན་ཟང་ཟིང་མེད་པའི་དགྲ་བཅོམ་པ། །​བྱེ་བ་ཕྲག་ནི་ཉི་ཤུ་གསུམ་གསུམ་ཡོད། །​མི་ཚེ་ལོ་གྲངས་ཉི་ཁྲི་སུམ་སྟོང་ཡིན། །​དམ་ཆོས་ལོ་གྲངས་སུམ་ཁྲི་ཆིག་སྟོང་གནས། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །​དཔག་ཚད་བཞི་པ་རིན་ཆེན་ཕལ་པོ་ཆེའི། །​དྲ་བས་སྤྲས་པས་འོད་ནི་མཐའ་ཡང་ཡས། །​དེ་བཞིན་གཤེགས་པ་ཡེ་ཤེས་རྒྱ་མཚོ་ཡི། །​སྐྱེ་བའི་ཡུལ་ནི་ཡེ་ཤེས་ཚོགས་ཞེས་བྱ། །​རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །​སུམ་ཅུ་རྩ་གསུམ་ཡབ་ནི་ཡོན་ཏན་ཡིན། །​དོན་འདོད་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་ལེགས་གཞི་ཟླ་དབང་རིམ་གྲོ་པ། །​མཆོད་རྟེན་ཤིང་རྟ་ཞེས་བྱ་མཁས་པ་སྟེ། །​འཇིགས་མེད་ཡེ་ཤེས་ལྡན་པ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །​སྲེད་པའི་རྒྱ་མཚོ་རྣམ་པར་སྐེམས་པ་པོ། །​བྱེ་བ་ཕྲག་ནི་བདུན་ཅུ་གསུམ་གསུམ་ཡོད། །​མི་ཚེ་ལོ་གྲངས་དགུ་ཁྲི་ཉིས་སྟོང་ཡིན། །​རྒྱལ་བ་མྱ་ངན་འདས་ནས་དམ་ཆོས་དག །​འོན་ཀྱང་ལོ་གྲངས་སྟོང་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །​ཞིང་རྣམས་ཀུན་ཏུ་འོད་ནི་མཐའ་ཡང་ཡས། །​ཆོས་ཀྱི་དབང་ཕྱུག་རི་ཡི་དབང་པོ་ཡི། །​སྐྱེ་བའི་ཡུལ་ནི་མཛེས་པར་སྤྲས་ཞེས་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​དཔག་ཚད་བཅུ་ཡོད་ཡབ་ནི་ལྷ་བཟང་ཡིན། །​ལྷ་ཡི་དབང་ཕྱུག་མ་ནི་རྒྱལ་བའི་ཡུམ། །​སྲས་པོ་ཙན་དན་སྤོས་བཟངས་རིམ་གྲོ་པ། །​རིན་ཆེན་འགྲོས་ཞེས་བྱ་བ་མཁས་པ་སྟེ། །​ཆོས་ལ་རྣམ་པར་ལྟ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་སུམ་ཅུ་དྲུག་ཀུན་ལའང་། །​དགྲ་བཅོམ་ཐམས་ཅད་ཆགས་པ་མེད་གྱུར་པ། །​བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་ཡོད། །​མི་ཚེ་ལོ་གྲངས་ཉི་ཁྲི་སུམ་སྟོང་ཡིན། །​འགྲོ་ལ་ཕན་ཕྱིར་དམ་པའི་ཆོས་དག་ཀྱང་། །​ལོ་གྲངས་སུམ་ཁྲི་བཞི་སྟོང་བར་དུ་གནས། །​སྐུ་གདུང་རྒྱས་འགྱུར་མཆོད་རྟེན་དམ་པའི་གྲངས། །​བྱེ་བ་སྟོང་ཕྲག་ཉི་ཤུ་རྩ་གཉིས་འབྱུང་། །​མི་ཡི་མགོན་པོ་རབ་ཏུ་ཞི་བ་ཡི། །​སྐྱེ་བའི་ཡུལ་ནི་གྲགས་པར་སྣང་ཞེས་བྱ། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །​ཉི་ཤུ་རྩ་གཉིས་ཤིན་ཏུ་ཞི་བ་ཡབ། །​ཞི་གནས་དགའ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་ཞི་བྱིན་ཞི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14322#UT22084-045-001-14322