Degé Kangyur volume 45, F.234.a

ཏེ། །​དཔག་ཚད་བཅུ་གཉིས་གསེར་གྱི་བླ་རེར་ལྡན། །​རིན་ཆེན་མཆོག་གི་རྣ་རྒྱན་དག་གིས་བརྒྱན། །​བདེ་གཤེགས་འཇིག་རྟེན་མཆོག་མ་སྐྱེ་བའི་ཡུལ། །​ཤིན་ཏུ་སྙན་པའི་གཏམ་དང་ལྡན་ཞེས་བྱ། །​རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །​ཉི་ཤུ་རྩ་གསུམ་མེ་ཏོག་བཟང་པོ་ཡབ། །​དཔལ་རྒྱལ་མེ་ཏོག་ཡུམ་ཡིན་མེ་ཏོག་གསལ། །​སྲས་ཡིན་ཙམ་པ་ཀ་ནི་རིམ་གྲོ་པ། །​མེ་ཏོག་སྡུག་ཅེས་བྱ་བ་མཁས་པ་སྟེ། །​འཇིགས་མེད་མེ་ཏོག་ཅེས་བྱ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་ཉི་ཤུ་དྲུག་ཀུན་ལའང་། །​ཆགས་ལས་འདས་པ་འཇིག་རྟེན་མི་ལྟ་བ། །​བྱེ་བ་ཕྲག་ནི་ཉི་ཤུ་གསུམ་གསུམ་ཡོད། །​མི་ཚེ་ལོ་གྲངས་ཉི་ཁྲི་ལྔ་སྟོང་ཡིན། །​དམ་ཆོས་ལོ་གྲངས་བདུན་ཁྲི་དྲུག་སྟོང་གནས། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །​དཔག་ཚད་བཞི་པ་མུ་ཏིག་བླ་རེར་བཅས། །​བཻ་དཱུརྱ་ཡི་རྣ་རྒྱན་བརྩེགས་པར་ལྡན། །​དེ་བཞིན་གཤེགས་པ་སྐར་མའི་འོད་དག་གི། །​སྐྱེ་བའི་ཡུལ་ནི་འོད་འཕྲོ་ཅན་ཞེས་བྱ། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །​དཔག་ཚད་ཉི་ཤུ་སྣང་བའི་དབང་པོ་ཡབ། །​འོད་འཕྲོ་སྣང་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་མེད་བྱིན་འོད་ལྡན་རིམ་གྲོ་པ། །​གློག་འོད་གཟི་བརྗིད་བློ་གྲོས་ཅན་ཡིན་ཏེ། །​འོད་འཕྲོ་གསལ་བའི་དཔལ་ནི་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་དྲུག་ཅུ་ཀུན་ལ་ཡང་། །​ཆུ་བོ་བཞི་ཡི་ཕ་མཐར་ལེགས་གནས་པ། །​བྱེ་བ་ཕྲག་ནི་ཉི་ཤུ་ལྔ་ལྔ་ཡོད། །​མི་ཚེ་ལོ་གྲངས་ཉི་ཁྲི་བརྒྱད་སྟོང་ཡིན། །​ཡོན་ཏན་སློབ་དཔོན་དག་གི་དམ་ཆོས་དག ། ལོ་གྲངས་སུམ་ཁྲི་དྲུག་སྟོང་བར་དུ་གནས། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །​མཚན་མོ་མར་མེ་སྟོང་སྙེད་འོད་ཀྱང་འབར། །​དེ་བཞིན་གཤེགས་པ་ཞི་བའི་སྟོབས་དག་གི། །​སྐྱེ་བའི་ཡུལ་ནི་མཁས་པས་མཆོད་ཅེས་བྱ། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །​ཉི་ཤུ་རྩ་བདུན་ཡབ་ནི་རྣམ་གྲོལ་ཡིན། །​དགྲ་བཅོམ་དགའ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་འཆད་མཁན་དགེ་ལེགས་རིམ་གྲོ་པ། །​མཆོད་རྟེན་ཆེན་པོ་ཞེས་བྱ་མཁས་པ་སྟེ། །​རྒོལ་བས་འཇིགས་པ་མེད་པ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་སུམ་ཅུ་དྲུག་ཀུན་ལའང་། །​འཇིག་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14321#UT22084-045-001-14321