Degé Kangyur volume 45, F.235.a

དབང་རིམ་གྲོ་པ། །​བདུད་བཞི་བྱེད་པ་བློ་གྲོས་ཅན་ཡིན་ཏེ། །​ཡིད་དབང་ཤིན་ཏུ་ཞི་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བཅུ་དྲུག་ཀུན་ལ་ཡང་། །​སྲིད་པར་འཛིན་པའི་མདུད་པ་རྣམ་གྲོལ་བ། །​བྱེ་བ་ཕྲག་ནི་བདུན་ཅུ་གཉིས་གཉིས་ཡོད། །​མི་ཚེ་ལོ་གྲངས་སུམ་ཁྲི་སུམ་སྟོང་ཡིན། །​ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག །​ལོ་གྲངས་ཉི་ཁྲིའི་བར་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །​དཔག་ཚད་ལྔ་པ་རིན་ཆེན་བདུན་ལས་བྱས། །​དེ་བཞིན་གཤེགས་པ་ཡོན་ཏན་མཐུ་སྟོབས་ཀྱི། །​སྐྱེ་བའི་ཡུལ་ནི་ལེགས་པར་སྐྱེས་ཞེས་བྱ། །​རིགས་ནི་བྲམ་ཟེ་ཁྱད་པར་འཕགས་པའི་འོད། །​དཔག་ཚད་བདུན་ཅུ་ཡབ་ནི་ལེགས་བརྩེགས་ཡིན། །​ཡོན་ཏན་འོད་འཕྲོ་རྒྱལ་ཡུམ་ཡོན་ཏན་མཆོག །​སྲས་ཡིན་ཡོན་ཏན་གཙོ་བོ་རིམ་གྲོ་པ། །​ཡོན་ཏན་ཁ་ལོ་སྒྱུར་བ་མཁས་པ་སྟེ། །​ཡོན་ཏན་དབང་པོ་གསལ་ནི་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བདུན་ཅུ་དྲུག་ཀུན་ལའང་། །​དགྲ་བཅོམ་ཐམས་ཅད་ཆགས་མེད་གནས་པ་པོ། །​བྱེ་བ་ཕྲག་ནི་དགུ་བཅུ་བཞི་བཞི་ཡོད། །​མི་ཚེ་ལོ་གྲངས་བདུན་ཁྲི་སུམ་སྟོང་ཡིན། །​ཡོངས་སུ་མྱ་ངན་འདས་ནས་དམ་ཆོས་དག །​ལོ་གྲངས་བདུན་ཁྲིའི་བར་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །​དཔག་ཚད་བདུན་པ་ཏོག་མཆོག་བླ་རེར་ལྡན། །​བདེ་བར་གཤེགས་པ་ལྷ་ཡི་དབང་པོ་ཡི། །​སྐྱེ་བའི་ཡུལ་ནི་དབང་པོས་བརྒྱན་ཞེས་བྱ། །​རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །​དཔག་ཚད་བཅུ་ཡོད་ཡབ་ནི་དབང་ཆེན་ཡིན། །​དགེ་དབང་བློ་གྲོས་རྒྱལ་ཡུམ་སྲས་པོ་ནི། །​ཚིག་ལེན་ནོར་ཀུན་བཟང་པོ་རིམ་གྲོ་པ། །​དབང་པོའི་རྒྱལ་མཚན་ཏོག་ནི་བློ་ཅན་ཏེ། །​བག་ཡོད་རྣམ་པར་གྲགས་པ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་སུམ་ཅུ་གཉིས་ཀུན་ལའང་། །​འཆིང་དང་དྲ་བ་འདོར་བར་བྱེད་པ་པོ། །​བྱེ་བ་ཕྲག་ནི་ཉི་ཤུ་བཞི་བཞི་ཡོད། །​མི་ཚེ་ལོ་གྲངས་ཉི་ཁྲི་སུམ་སྟོང་ཡིན། །​འཇིག་རྟེན་མཁྱེན་པ་མྱ་ངན་འདས་ནས་ཀྱང་། །​དམ་ཆོས་ལོ་གྲངས་སུམ་ཁྲི་དྲུག་སྟོང་གནས། །​མཆོད་རྟེན་དཔག་ཚད་བརྒྱད་པ་འབྱུང་འགྱུར་ཏེ། །​རིན་ཆེན་བརྒྱ་ཡི་དྲ་བས་རྣམ་པར་སྤྲས། །​མི་ཡི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14323#UT22084-045-001-14323