Degé Kangyur volume 45, F.233.b

ཚད་དགུ་ཡོད་ཡབ་ནི་ལེགས་མཆོད་ཡིན། །​ཟླ་མཆོག་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་ཟླ་བཟང་ཟླ་བ་རིམ་གྲོ་པ། །​བཞིན་ལྡན་ཞེས་ནི་བྱ་བ་མཁས་པ་སྟེ། །​འཇིག་རྟེན་རྣམ་པར་ལྟ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་སུམ་ཅུ་ཀུན་ལ་ཡང་། །​ངར་མི་འཛིན་པ་མཁའ་དང་མཚུངས་པ་པོ། །​བྱེ་བ་ཕྲག་ནི་བདུན་ཅུ་གཉིས་གཉིས་ཡོད། །​མི་ཚེ་ལོ་གྲངས་སུམ་ཁྲི་ཉིས་སྟོང་ཡིན། །​དམ་པའི་ཆོས་དག་ལོ་གྲངས་སྟོང་ཕྲག་ནི། །​སུམ་ཅུ་རྩ་བདུན་བར་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །​གསེར་གྱི་རྒྱལ་མཚན་མཆོག་སྟོང་སྙེད་ཀྱིས་སྤྲས། །​འཇིག་རྟེན་མགོན་པོ་སྒྲ་གཅན་སྐྱེ་བ་ཡི། །​ཡུལ་ནི་ལྷ་མིན་མཆོད་རྟེན་ཞེས་ཀྱང་བྱ། །​རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་དཔག་ཚད། །​ཉི་ཤུ་རྩ་གཉིས་ཡབ་ནི་ལྷ་དབང་ཡིན། །​ལྷ་མ་ཡིན་དབང་བདག་མོ་རྒྱལ་བའི་ཡུམ། །​སྲས་པོ་ནོར་ལྡན་ནོར་བཟངས་རིམ་གྲོ་པ། །​དུལ་གནས་དགའ་ཞེས་བྱ་བ་མཁས་པ་སྟེ། །​དགྲ་ཡིས་འཇིགས་པ་མེད་པ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བཅུ་གཉིས་ཀུན་ལ་ཡང་། །​སྲེད་པ་འགོག་པར་ཐར་ལ་དགའ་བ་པོ། །​ཐེར་འབུམ་ཕྲག་ནི་གསུམ་གསུམ་ཡོད་པར་འགྱུར། །​མི་ཚེ་ལོ་གྲངས་དག་ནི་ཁྲི་ཡང་ཡིན། །​སྲིད་མཐར་ཕྱིན་པ་མྱ་ངན་འདས་ནས་ཀྱང་། །​དམ་ཆོས་ལོ་གྲངས་སྟོང་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །​སྲིད་པ་གསུམ་པོར་མཆོད་ཅིང་བཀུར་བར་འགྱུར། །​དེ་བཞིན་གཤེགས་པ་བདུད་རྩི་འོད་སྐྱེ་བའི། །​ཡུལ་ནི་ཡོན་ཏན་སྣང་བར་བྱེད་ཅེས་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​དཔག་ཚད་གསུམ་ཡོད་ཡབ་ནི་མཐུ་ལྡན་ཡིན། །​དད་ལྡན་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་གོ་བགོས་དུལ་བ་རིམ་གྲོ་པ། །​བདུད་རྩིའི་ང་རོ་ཞེས་བྱ་མཁས་པ་སྟེ། །​བསམ་གཏན་པ་ལ་དད་བྱེད་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་དྲུག་ཀུན་ལའང་། །​ཉོན་མོངས་བདུད་ཀུན་འཇོམས་པར་བྱེད་པ་པོ། །​བྱེ་བ་ཕྲག་ནི་བདུན་ཅུ་གཉིས་གཉིས་ཡོད། །​མི་ཚེ་ལོ་གྲངས་བདུན་ཁྲི་ཆིག་སྟོང་ཡིན། །​དམ་ཆོས་ལོ་གྲངས་དྲུག་ཁྲི་དྲུག་སྟོང་གནས། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14320#UT22084-045-001-14320