Degé Kangyur volume 45, F.222.b

ཐམས་ཅད་ལ་ཡང་བྱེ་བ་ཕྲག་བཅུ་དྲུག་བཅུ་དྲུག་གོ། །​སྐུ་ཚེའི་ཚད་ནི་ལོ་ལྔ་ཁྲིའོ། །​དམ་པའི་ཆོས་ནི་ལོ་དགུ་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་ཀུན་ཏུ་དགའ་བར་མཛད་པའི་སྐྱེ་བའི་ཡུལ་ནི་ཡོན་ཏན་རིན་པོ་ཆེ་མཐོང་བས་ངོམས་པར་བྱེད་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་དྲུག་གོ། །​ཡབ་ནི་བདུད་རྩིའི་དབྱངས་ཀྱིས་སེལ་བ་ཞེས་བྱའོ། །​ཡུམ་ནི་ངག་འཇམ་བརྗོད་པའི་ཚིག་ཅན་ཞེས་བྱའོ། །​སྲས་ནི་ལྟ་བ་གསལ་བའི་ལུས་ཞེས་བྱའོ། །​རིམ་གྲོ་པ་ནི་ཆོག་ཤེས་ཡོན་ཏན་གཟི་བརྗིད་འོད་ཅེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡན་ལག་ཡེ་ཤེས་ཀྱིས་ཚིམ་པ་གྱ་ནོམ་སེམས་པ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གཡོ་བ་མེད་པར་གནས་པས་ཕས་ཀྱི་རྒོལ་བ་རབ་ཏུ་འཇོམས་པ་ཞེས་བྱའོ། །​འདུས་པ་ནི་ལན་དགུ་བཅུ་རྩ་བརྒྱད་དེ། ཐམས་ཅད་ལ་ཡང་ཁྲི་ཕྲག་བཅུ་དྲུག་བཅུ་དྲུག་གོ། །​སྐུ་ཚེའི་ཚད་ནི་ལོ་བྱེ་བའོ། །​དམ་པའི་ཆོས་ཀྱང་ལོ་བྱེ་བའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་དོན་ཡོད་པར་གཤེགས་པ་སྐྱེ་བའི་ཡུལ་ནི་སྒྲིབ་པ་མེད་པའི་གཟི་བརྗིད་བཀོད་པ་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་ལྔ་བརྒྱའོ། །​ཡབ་ནི་ཡིད་གཉིས་རྣམ་པར་འཐོར་བའི་གཟི་བརྗིད་ཕྲུག་གུ་ཞེས་བྱའོ། །​ཡུམ་ནི་ཤེས་རབ་ཀྱི་སྣང་བ་རྣམ་པར་ངེས་པ་ཞེས་བྱའོ། །​སྲས་ནི་ཕྱོགས་ལྟ་བཟོད་ཅེས་བྱའོ། །​རིམ་གྲོ་པ་ནི་ཤེས་རབ་ཀྱི་སྣང་བ་བྱེད་ཅེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བདེན་སྒྲ་རྣམ་པར་སྒྲོགས་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཟིལ་གྱིས་མི་ནོན་པའི་ཏོག་གི་རྒྱལ་མཚན་རྒྱལ་པོ་ཞེས་བྱའོ། །​འདུས་པ་ནི་ལན་དྲུག་ཅུ་རྩ་དྲུག་སྟེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་དྲུག་དྲུག་གོ། །​སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲི་བརྒྱད་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་དྲུག་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་ཁྲོ་བ་བཅོམ་པ་སྐྱེ་བའི་ཡུལ་ནི་ཐ་བའི་ཚེར་མ་མེད་པ་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་བཞི་སྟོང་ངོ་། །​ཡབ་ནི་མུན་བྲལ་ཞེས་བྱའོ། །​ཡུམ་ནི་བྱམས་སེམས་མཐོང་ཞེས་བྱའོ། །​སྲས་ནི་ཡོན་ཏན་ཕུང་པོ་ཞེས་བྱའོ། །​རིམ་གྲོ་པ་ནི་སྐྱོན་མེད་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14298#UT22084-045-001-14298