Degé Kangyur volume 45, F.223.a

སྦྱིན་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རྒྱགས་པའི་སྐྱོན་ཞི་བར་གནས་པ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཞི་གནས་དང་དུལ་བར་གནས་པའི་མེ་ཏོག་ཅེས་བྱའོ། །​འདུས་པ་དང་པོ་ལ་ནི་དགྲ་བཅོམ་པ་བྱེ་བ་ཕྲག་བདུན་ཅུའོ། །​གཉིས་པ་ལ་ནི་བྱེ་བ་ཕྲག་བརྒྱད་ཅུའོ། །​གསུམ་པ་ལ་ནི་བྱེ་བ་ཕྲག་དགུ་བཅུའོ། །​བཞི་པ་ལ་ནི་ཐེར་འབུམ་མོ། །​སྐུ་ཚེའི་ཚད་ནི་ལོ་ལྔ་ཁྲི་དྲུག་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་དྲུག་ཁྲི་དྲུག་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་གཟུགས་མཆོག་སྐྱེ་བའི་ཡུལ་ནི་ཡན་ལག་དམ་པ་རིན་པོ་ཆེ་མཆོད་གནས་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་དགུ་བཅུ་རྩ་དྲུག་གོ། །​ཡབ་ནི་རིན་པོ་ཆེའི་གཟི་བརྗིད་ཕུང་པོ་ཞེས་བྱའོ། །​ཡུམ་ནི་འཇིག་རྟེན་པའི་གཟུགས་ཐམས་ཅད་ཀྱིས་ཟིལ་གྱིས་མི་ནོན་པའི་གཟི་བརྗིད་ཅེས་བྱའོ། །​སྲས་ནི་གཟུགས་བྱིན་ཞེས་བྱའོ། །​རིམ་གྲོ་པ་ནི་གཟུགས་ཀྱི་བརྡ་སྒྲུབ་པར་སེམས་པ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འོད་ཟེར་གྱི་གཟི་བརྗིད་མེ་ཏོག་ཀུན་ཏུ་རྒྱས་པའི་རྒྱལ་པོ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གཟུགས་ཀྱི་བརྡ་སྒྲུབ་པ་ཕ་རོལ་ཏུ་ཕྱིན་པར་སེམས་པ་ཞེས་བྱའོ། །​དགྲ་བཅོམ་པ་འདུས་པ་ནི་ལན་བརྒྱད་ཅུ་སྟེ། ཐམས་ཅད་ལ་ཡང་འབུམ་ཕྲག་བཅུ་བཞི་བཅུ་བཞིའོ། །​སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲི་བརྒྱད་སྟོང་ངོ་། །​དམ་པའི་ཆོས་ཀྱང་ལོ་དྲུག་ཁྲི་བརྒྱད་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་ལེགས་གཤེགས་སྐྱེ་བའི་ཡུལ་ནི་འགྲོས་ཆེན་བཀོད་པ་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་བདུན་ཅུའོ། །​ཡབ་ནི་འགྲོས་མཛེས་སེམས་པ་ཞེས་བྱའོ། །​ཡུམ་ནི་ཁྱུ་མཆོག་མིག་མཐོང་འགྲོས་ཞེས་བྱའོ། །​སྲས་ནི་དབང་པོའི་མཚོན་ཆ་འགྲོས་ཀྱིས་བྱིན་ཞེས་བྱའོ། །​རིམ་གྲོ་པ་ནི་ཆུ་བོའི་རྒྱལ་པོ་སུམ་ཅུ་སེང་གེའི་བདག་པོ་ལུས་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བསྐལ་པ་གྲངས་མེད་པ་ནས་ཡང་དག་པར་བསྒྲུབས་པའི་བློ་ཅན་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བརྩོན་པ་མི་གཏོང་ཞིང་བཀོད་པ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14299#UT22084-045-001-14299