Degé Kangyur volume 45, F.210.a

གཤེགས་པ་ཆགས་པ་མེད་མཛད་ཀྱི། །​སྐྱེ་བའི་ཡུལ་ནི་བསོད་ནམས་བསགས་ཞེས་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​དཔག་ཚད་བདུན་ཅུ་ཡབ་ནི་ཆགས་མེད་ཡིན། །​ལྷ་བདག་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་བདེན་སྦྱིན་ལྷ་ཆེན་རིམ་གྲོ་པ། །​མཛོད་ཆེན་འཆང་བ་བློ་གྲོས་ཅན་ཡིན་ཏེ། །​རྣམ་པར་ངེས་པའི་ལྷ་ནི་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་དྲུག་ཅུ་ཀུན་ལ་ཡང་། །​དངོས་པོར་འཛིན་དང་བྲལ་བའི་བསམ་གཏན་པ། །​བྱེ་བ་ཕྲག་ནི་བཅུ་གཅིག་བཅུ་གཅིག་ཡོད། །​མི་ཚེ་ལོ་གྲངས་དག་ནི་བདུན་ཁྲི་ཡིན། །སྟོན་པ་མྱ་ངན་འདས་ནས་དམ་ཆོས་དག །​ལོ་གྲངས་དགུ་ཁྲི་ཉིས་སྟོང་བར་དུ་གནས། །​རྒྱལ་བའི་སྐུ་གདུང་རྒྱས་འགྱུར་མཆོད་རྟེན་གྲངས། །​བྱེ་བ་ཕྲག་ནི་སྟོང་ཕྲག་བརྒྱད་ཅུ་འབྱུང་། །​དེ་བཞིན་གཤེགས་པ་གཙོ་བོས་བྱིན་སྐྱེ་བའི། །​ཡུལ་ནི་སྐྱེ་བོའི་མཆོད་རྟེན་ཞེས་ཀྱང་བྱ། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །​ཉི་ཤུ་རྩ་གཉིས་ཡབ་ནི་གཙོ་བཟངས་ཡིན། །​གཙོ་མཆོག་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་གཙོ་སྲེད་གཙོ་བོ་རིམ་གྲོ་པ། །​གཙོས་བྱིན་ཞེས་ནི་བྱ་བ་མཁས་པ་སྟེ། །​འཇིགས་པ་མེད་པའི་ཡེ་ཤེས་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་སུམ་ཅུ་དྲུག་ཀུན་ལའང་། །​རྒྱགས་དང་ང་རྒྱལ་བྲལ་བའི་བསམ་གཏན་པ། །​བྱེ་བ་ཕྲག་ནི་དགུ་བཅུ་གཉིས་གཉིས་ཡོད། །​མི་ཚེ་ལོ་གྲངས་དག་ནི་ལྔ་ཁྲི་ཡིན། །​སྟོན་པ་མྱ་ངན་འདས་ནས་དམ་ཆོས་དག །​ལོ་གྲངས་བདུན་ཁྲིའི་བར་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །​དཔག་ཚད་བདུན་པ་གསེར་གྱིས་རྣམ་པར་སྤྲས། །​དེ་བཞིན་གཤེགས་པ་གཙོ་བོ་སྐྱེ་བ་ཡི། །​ཡུལ་ནི་མཆོད་པ་མཆོག་དང་ལྡན་ཞེས་བྱ། །​རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །​ཉི་ཤུ་གཉིས་ཡོད་ཡབ་ནི་མཆོག་ལེགས་ཡིན། །བསོད་ནམས་རིན་ཆེན་མ་ནི་རྒྱལ་བའི་ཡུམ། །​སྲས་པོ་སྐར་ལྡན་སྐར་བཟངས་རིམ་གྲོ་པ། །​བསོད་ནམས་འདོད་ཅེས་བྱ་བ་མཁས་པ་སྟེ། །​བདེན་པ་རྣམ་པར་ལྟ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་དྲུག་ཅུ་དྲུག་ཀུན་ལའང་། །​བདུད་དང་ཉོན་མོངས་ལྟ་བ་རབ་འཇོམས་པ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14273#UT22084-045-001-14273