Degé Kangyur volume 45, F.209.b

རྩལ་ཅན་ནི་མཁས་པ་སྟེ། །​འཕགས་པ་བསྡུས་ཞེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་དྲུག་ཅུ་གཉིས་ཀུན་ལའང་། །​དགྲ་བཅོམ་ཡིད་ནི་ཡོངས་སུ་དག་པ་པོ། །​དེ་དག་བྱེ་བ་ཕྲག་ནི་སྟོང་སྟོང་ཡོད། །​མི་ཚེ་ལོ་གྲངས་དག་ནི་དྲུག་ཁྲི་ཡིན། །​རྒྱལ་བ་ཡོངས་སུ་མྱ་ངན་འདས་ནས་ཀྱང་། །​དམ་ཆོས་ལོ་གྲངས་སྟོང་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །​ནོར་བུ་མེ་ཤེལ་བརྒྱ་ཡི་དྲ་བས་སྤྲས། །​སངས་རྒྱས་ཤེས་རབ་བྱིན་ནི་སྐྱེ་བ་ཡི། །​ཡུལ་ནི་རྨད་དུ་བྱུང་བའི་འོད་ཅེས་བྱ། །​རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །​ཉི་ཤུ་རྩ་གཉིས་ཤེས་རབ་ཆེན་པོ་ཡབ། །​ཤེས་རབ་མཆོག་མ་རྒྱལ་ཡུམ་ཤེས་རབ་བྱིན། །​སྲས་ཡིན་ཤེས་རབ་བཟང་པོ་རིམ་གྲོ་པ། །​ཤེས་རབ་ཆེན་པོ་བློ་གྲོས་ཅན་ཡིན་ཏེ། །​འཇིགས་པ་མེད་པའི་ཤེས་རབ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །​རྒྱལ་བའི་རྒྱལ་པོ་ཡི་ནི་ཚོགས་མཆོག་རྣམས། །​བྱེ་བ་ཕྲག་ནི་ཁྲི་ཕྲག་བཅུ་བཅུ་ཡོད། །​མི་ཚེ་ལོ་གྲངས་བྱེ་བ་བདུན་ཅུ་དྲུག །​བདུད་དང་ཉོན་མོངས་ཐམས་ཅད་འཇོམས་མཛད་པའི། །​དམ་ཆོས་ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་འབུམ་ཕྲག་སྙེད་ཀྱི་འཁོར་དང་ལྡན། །​དེ་བཞིན་གཤེགས་པ་འཇམ་པའི་དབྱངས་སྐྱེ་བའི། །​ཡུལ་ནི་ཡིད་དུ་འོང་བའི་དབྱངས་ཞེས་བྱ། །​རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །​དཔག་ཚད་བདུན་སྟོང་ཡབ་ནི་ཡིད་འཐད་ཡིན། །​དབྱངས་མཆོག་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་དབྱངས་སྲེད་དགའ་བོ་རིམ་གྲོ་པ། །​དུལ་བར་གནས་པའི་དབྱངས་ནི་མཁས་པ་སྟེ། །​མཆོག་གི་དབྱངས་ཞེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བཅུ་སྟེ་ཀུན་ལ་ཡང་། །​ཕ་རོལ་ཕྱིན་ལ་ཤིན་ཏུ་ངེས་ཐོབ་པ། །​བྱེ་བ་ཕྲག་ནི་ཉི་ཤུ་གསུམ་གསུམ་ཡོད། །​མི་ཚེ་ལོ་གྲངས་བདུན་ཁྲི་དྲུག་སྟོང་ཡིན། །​འཇིག་རྟེན་མཁྱེན་པའི་དམ་པའི་ཆོས་དག་ཀྱང་། །​ལོ་གྲངས་སྟོང་གི་བར་དུ་གནས་པར་འགྱུར། །​འཇིག་རྟེན་མཁྱེན་པ་མྱ་ངན་འདས་པ་ཡི། །​སྐུ་གདུང་མཆོད་རྟེན་དཔག་ཚད་བརྒྱད་པ་གཅིག །​དེ་བཞིན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14272#UT22084-045-001-14272