Degé Kangyur volume 45, F.205.a

པ་སྤྱན་སྡུག་སྐྱེ་བ་ཡི། །​ཡུལ་ནི་བལྟ་ན་སྡུག་པ་ཞེས་ཀྱང་བྱ། །​རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་དཔག་ཚད། །​དགུ་བཅུ་རྩ་དགུ་ཡབ་ནི་མཛེས་ལྡན་ཡིན། །​མཛེས་དགའ་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་མིག་བཟངས་མིག་ལྡན་རིམ་གྲོ་པ། །​མཛེས་པ་འོད་ཅེས་བྱ་བ་མཁས་པ་སྟེ། །​འཇིག་རྟེན་དད་པར་བྱེད་པ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་དྲུག་ཅུ་དྲུག་ཀུན་ལའང་། །​བྱང་ཆུབ་མཆོག་རབ་དགའ་ལ་ལེགས་གནས་པ། །​བྱེ་བ་ཕྲག་ནི་ཁྲི་ཕྲག་བཅུ་བཅུ་ཡོད། །​མི་ཚེ་ལོ་གྲངས་བདུན་ཁྲི་ཉིས་སྟོང་ཡིན། །​རྒྱལ་བ་མྱ་ངན་འདས་ནས་དམ་ཆོས་དག །​ལོ་གྲངས་སུམ་ཁྲིའི་བར་དུ་གནས་པར་འགྱུར། །​མྱ་ངན་འདས་པའི་མཆོད་རྟེན་གཅིག་འབྱུང་ལ། །​རིན་ཆེན་བརྒྱ་ཡི་དྲ་བས་བསྐོར་བར་འགྱུར། །​དེ་བཞིན་གཤེགས་པ་ཀླུས་ནི་བྱིན་པ་ཡི། །​སྐྱེ་བའི་ཡུལ་ནི་ཀླུ་དང་ལྡན་ཞེས་བྱ། །​རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་དགུ་ཡོད་ཡབ་ནི་དོན་གནས་ཡིན། །​ཡོན་ཏན་ལྡན་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་ལེགས་མཐུ་བློ་མཐུ་རིམ་གྲོ་པ། །​དགེ་གནས་ཞེས་ནི་བྱ་བ་མཁས་པ་སྟེ། །​གཏི་མུག་མེད་པ་མཐའ་ཡས་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་དགུ་བཅུ་ཀུན་ལ་ཡང་། །​དགྲ་བཅོམ་དག་ནི་ཚང་བར་འདུས་འགྱུར་ཏེ། །​ཐེར་འབུམ་ཕྲག་ནི་དགུ་དགུ་འབྱུང་བར་འགྱུར། །​མི་ཚེ་ལོ་གྲངས་སྟོང་ཕྲག་བཅུ་གཅིག་ཡིན། །​ཡོངས་སུ་མྱ་ངན་འདས་པའི་དམ་ཆོས་དག །​ལོ་གྲངས་དག་ནི་སྟོང་དུ་གནས་པ་ཡིན། །​དཔག་ཚད་བརྒྱད་པའི་མཆོད་རྟེན་འབྱུང་འགྱུར་ཏེ། །​རིན་ཆེན་བརྒྱ་ཡི་དྲ་བས་རྣམ་པར་སྤྲས། །​དེ་བཞིན་གཤེགས་པ་བདེན་པའི་ཏོག་དག་གི། །​སྐྱེ་བའི་ཡུལ་ནི་གསལ་བའི་ཏོག་ཅེས་བྱ། །​དེ་ཡི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །​དཔག་ཚད་སྟོང་ཡོད་ཡབ་ནི་ཏོག་བཟངས་ཡིན། །​ཏོག་གི་རྒྱལ་མཚན་ཞེས་བྱ་རྒྱལ་བའི་ཡུམ། །​སྲས་པོ་སྒྲོན་མ་ལྷ་སྦྱིན་རིམ་གྲོ་པ། །​འོད་མཆོག་ཅེས་ནི་བྱ་བ་མཁས་པ་སྟེ། །​གསལ་བར་གནས་ཞེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་སུམ་ཅུ་ཀུན་ལ་ཡང་། །​སྲིད་པ་ཀུན་ལ་ཆགས་བྲལ་ཡིད་ལྡན་པ། །​དེ་དག་བྱེ་བ་ཕྲག་ནི་བརྒྱ་བརྒྱ་ཡོད། །​མི་ཚེ་ལོ་གྲངས་དག་ནི་ལྔ་འབུམ་ཡིན། །​འགྲོ་ལ་ཕན་ཕྱིར་དམ་པའི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14263#UT22084-045-001-14263