Degé Kangyur volume 45, F.204.b

འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །​སངས་རྒྱས་ཡོན་ཏན་ལྡན་པ་ཕྱིར་མི་ལྡོག །​དེ་དག་དགུ་འབུམ་དགུ་འབུམ་འདུས་པར་འགྱུར། །​མི་ཚེ་ལོ་གྲངས་བྱེ་བ་བདུན་ཅུ་དྲུག །​གྲགས་པ་མཐའ་ཡས་དག་གི་དམ་ཆོས་དག །​ལོ་གྲངས་དགུ་འབུམ་ཉི་ཁྲིའི་བར་དུ་གནས། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ཏེ། །​ཁམས་གསུམ་ཀུན་ཏུ་རྣམ་པར་གང་བར་འགྱུར། །​འཇིག་རྟེན་མགོན་པོ་ཚངས་པ་སྐྱེ་བའི་ཡུལ། །​དགའ་ཞིང་སྡུག་ལ་ཚངས་པ་ཞེས་ཀྱང་བྱ། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །​དཔག་ཚད་བདུན་ཅུ་ཚངས་པའི་དཔང་པོ་ཡབ། །ཚངས་དབྱངས་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་སྐད་སྙན་དན་མཆོག་རིམ་གྲོ་པ། །​ཚངས་པའི་གྲོགས་ཞེས་བྱ་བ་མཁས་པ་སྟེ། །​ཚངས་པ་རྣམ་པར་ལྟ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་ཅིག་ཡིན་ཏེ་དགྲ་བཅོམ་པ། །​ཐམས་ཅད་ཉོན་མོངས་བདུད་ནི་བཅོམ་པ་པོ། །​བྱེ་བ་ཕྲག་ནི་གྲངས་ཀྱང་མེད་པ་འབྱུང་། །​མི་ཚེ་ལོ་གྲངས་ཉི་ཁྲི་ཆིག་སྟོང་ཡིན། །​འཇིག་རྟེན་མཁྱེན་པ་མྱ་ངན་འདས་ནས་ཀྱང་། །​དམ་པའི་ཆོས་ནི་ཉིན་གཅིག་གནས་པར་འགྱུར། །​རྒྱལ་བ་མྱ་ངན་འདས་པའི་སྐུ་གདུང་ནི། །​མཆོད་རྟེན་དཔག་ཚད་བདུན་པ་གཅིག་ཅིག་འབྱུང་།​། །​།འཕགས་པ་བསྐལ་པ་བཟང་པོ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་བཅུ་བདུན་པ། འཇིག་རྟེན་མགོན་པོ་སྐྱེས་མཆོག་སྐྱེ་བ་ཡི། །​ཡུལ་ནི་མཆོག་ཏུ་མཛེས་པ་ཞེས་ཀྱང་བྱ། །​རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །​དཔག་ཚད་བརྒྱ་ཡོད་ལྗོན་ཤིང་དབང་པོ་ཡབ། །​ང་རྒྱལ་ལྗོན་ཤིང་མ་ནི་རྒྱལ་བའི་ཡུམ། །​སྲས་པོ་མཆོག་མ་ལེགས་མཆོག་རིམ་གྲོ་པ། །​ཆོས་ཀྱི་མཆོག་མ་ཞེས་བྱ་མཁས་པ་སྟེ། །​གསལ་བར་གནས་ཞེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་ཉི་ཤུ་ཀུན་ལ་ཡང་། །​དགྲ་བཅོམ་ཐམས་ཅད་དྲི་མ་སྤྲུགས་པ་པོ། །​ཐེར་འབུམ་ཕྲག་ནི་དགུ་དགུ་འབྱུང་བར་འགྱུར། །​མི་ཚེ་ལོ་གྲངས་དག་ནི་སུམ་ཁྲི་ཡིན། །​གྲགས་པ་མཐའ་ཡས་པ་ཡི་དམ་ཆོས་དག །​ལོ་གྲངས་ཉི་ཁྲིའི་བར་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །​མཆོད་རྟེན་དཔག་ཚད་དྲུག་པ་འབྱུང་བར་འགྱུར། །​དེ་བཞིན་གཤེགས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14262#UT22084-045-001-14262