Degé Kangyur volume 45, F.204.a

སུམ་ཁྲི་ཉིས་སྟོང་ཡིན། །​དམ་པའི་ཆོས་དག་ལོ་གྲངས་སྟོང་ཕྲག་ནི། །​བཅུ་བདུན་དག་གི་བར་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །​དཔག་ཚད་ལྔ་པ་གསེར་རྒྱན་རྣམ་པར་སྦྱངས། །​དེ་བཞིན་གཤེགས་པ་མངོན་པར་ཤེས་ཏོག་གི། །​སྐྱེ་བའི་ཡུལ་ནི་ཏོག་གི་འོད་ཅེས་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​དཔག་ཚད་བཞི་ཡོད་མངོན་པར་ཤེས་པ་ཡབ། །​ཡོན་ཏན་མངོན་ཤེས་རྡུལ་བྲལ་ཡུམ་ཡིན་སྲས། །​མངོན་ཤེས་རྫུ་འཕྲུལ་བཟང་པོ་རིམ་གྲོ་པ། །​སྨོན་ལམ་ཞེས་བྱ་བློ་གྲོས་ཅན་ཡིན་ཏེ། །​གཞུང་ལ་རྣམ་པར་བསྒོམས་པ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱད་དེ་ཀུན་ལ་ཡང་། །​སློབ་པ་མེད་པར་ཕྱིན་པ་ཀུན་འདུ་སྟེ། །​བྱེ་བ་ཕྲག་ནི་བདུན་ཅུ་གསུམ་གསུམ་ཡོད། །​མི་ཚེ་ལོ་གྲངས་དག་ནི་ཁྲི་ཡང་ཡིན། །​རྒྱལ་བ་ཡོངས་སུ་མྱ་ངན་འདས་ནས་ཀྱང་། །​དམ་ཆོས་ལོ་གྲངས་དྲུག་ཁྲིའི་བར་དུ་གནས། །​རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །​དཔག་ཚད་བཞི་པ་གསེར་གྱི་བླ་རེར་ལྡན། །​དེ་བཞིན་གཤེགས་པ་ཏོག་གི་འོད་སྐྱེ་བའི། །​ཡུལ་ནི་བསོད་ནམས་ཕུང་པོ་ཞེས་ཀྱང་བྱ། །​རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །​དཔག་ཚད་བརྒྱ་ཡོད་ཡབ་ནི་ཕུང་པོ་བཟང་། །​ཡོན་ཏན་མེ་ཏོག་རྡུལ་དང་བྲལ་བའི་ཡུམ། །​ཕུང་པོ་སྲས་ཡིན་རི་རབ་རིམ་གྲོ་པ། །​ཡོན་ཏན་དག་གིས་བརྒྱན་པ་མཁས་པ་སྟེ། །​བྱང་ཆུབ་དག་ལ་གཞོལ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་ཉི་ཤུ་རྩ་ལྔ་སྟེ། །​ཀུན་ལའང་ཐར་པ་ཐོབ་པར་འགྱུར་བ་དག །​བྱེ་བ་ཕྲག་ནི་བརྒྱད་ཅུ་བརྒྱད་ཅུ་ཡོད། །​མི་ཚེ་ལོ་གྲངས་སུམ་ཁྲི་སུམ་སྟོང་ཡིན། །​དམ་པའི་ཆོས་ནི་ལོ་གྲངས་སྟོང་ཕྲག་ནི། །​ཉི་ཤུ་རྩ་གཉིས་བར་དུ་གནས་པར་འགྱུར། །​འཇིག་རྟེན་ཕན་པའི་ཕྱིར་ནི་རྒྱལ་བ་དེའི། །​སྐུ་གདུང་དག་ནི་རྣམ་པར་རྒྱས་པར་འགྱུར། །​དེ་བཞིན་གཤེགས་པ་མི་འདྲེན་དགེ་བ་ཡི། །སྐྱེ་བའི་ཡུལ་ནི་དགེ་དང་ལྡན་ཞེས་བྱ། །​དེ་ཡི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །​དཔག་ཚད་སུམ་སྟོང་ཤིན་ཏུ་དགེ་བ་ཡབ། །​དགེ་མཆོག་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་དགེ་བ་དགེ་བྱིན་རིམ་གྲོ་པ། །​འགྲོ་བས་མཆོད་ཅེས་བྱ་བ་མཁས་པ་སྟེ། །​འཇིག་རྟེན་དད་པར་བྱེད་པ་རྫུ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14261#UT22084-045-001-14261