Degé Kangyur volume 45, F.176.a

མེད་དགའ་ཞེས་བྱ་བ་མཁས་པ་སྟེ། །​གྲགས་པ་མངོན་འཕགས་པ་ནི་རྫུ་འཕྲུལ་ཅན། །​འདུས་པ་དག་ནི་ལན་གྲངས་དགུ་བཅུ་སྟེ། །​རབ་མཆོག་དག་གི་ཚོགས་ཀྱི་གྲངས་རྣམས་ཀྱང་། །​བྱེ་བ་ཕྲག་ནི་སྟོང་སྟོང་འབྱུང་བར་འགྱུར། །​མི་ཚེ་ལོ་གྲངས་ཉི་ཁྲི་སུམ་སྟོང་ཡིན། །ཡོན་ཏན་ལྡན་པའི་དམ་པའི་ཆོས་དག་ཀྱང་། །​ལོ་གྲངས་བདུན་ཁྲི་བཞི་སྟོང་བར་དུ་གནས། །​རིམས་ནད་མེད་པའི་སྐུ་གདུང་རྒྱས་འགྱུར་ལ། །​མཆོད་རྟེན་བྱེ་བ་སྟོང་ཕྲག་བདུན་ཅུ་བཞི། །​དེ་བཞིན་གཤེགས་པ་འཇིག་རྟེན་ཟླ་བ་ཡི། །​སྐྱེ་བའི་ཡུལ་ནི་ཟླ་བ་ཅན་ཞེས་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​དཔག་ཚད་བཅུ་ཡོད་ཡབ་ནི་ཟླ་བ་ཡིན། །​ཟླ་བཞིན་མཛེས་མ་ཡུམ་ཡིན་སྲས་པོ་ནི། །​ཚེ་ལྡན་མེ་ཏོག་བཟང་པོ་རིམ་གྲོ་པ། །​རྣམ་པར་སྣང་བྱེད་གྲགས་པ་བློ་ལྡན་ཏེ། །​ཚུལ་ཁྲིམས་འོད་བྱེད་པ་ནི་རྫུ་འཕྲུལ་ཅན། །​ཚོགས་ཀྱི་རྒྱལ་པོ་རབ་མཆོག་དམ་པ་ཡི། །​འདུས་པ་ལན་གྲངས་དྲུག་ཅུ་རྩ་དྲུག་ལ། །​བྱེ་བ་ཕྲག་ནི་བརྒྱ་རྩ་བཞི་བཞི་འདུས། །​སྐུ་ཚེ་ལོ་གྲངས་སུམ་ཁྲི་ཉིས་སྟོང་ཡིན། །​དམ་པའི་ཆོས་དག་ལོ་གྲངས་སྟོང་ཕྲག་ནི། །​དགུ་བཅུ་རྩ་ལྔའི་བར་དུ་གནས་པར་འགྱུར། །​རྒྱལ་བའི་མཆོད་རྟེན་སྐུ་གདུང་བཅས་པ་ནི། །​དཔག་ཚད་བདུན་པ་གཅིག་སྟེ་གསེར་གྱིས་བརྒྱན། །​དེ་བཞིན་གཤེགས་པ་དབྱངས་ནི་སྙན་པ་ཡི། །​སྐྱེ་བའི་ཡུལ་ནི་ཆོས་ཀྱི་ལྟ་ཞེས་བྱ། །​རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །​དཔག་ཚད་སུམ་ཅུ་ཡབ་ནི་སྐུ་བཟངས་ཡིན། །​བཟང་དཔལ་ཞེས་ནི་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་པད་མ་རྒྱལ་དགའ་རིམ་གྲོ་པ། །​ཡོན་ཏན་སྙིང་པོ་ཞེས་བྱ་མཁས་པ་སྟེ། །​ཆོས་འཕགས་ཞེས་ནི་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བཞི་སྟེ་ཀུན་ལ་ཡང་། །​ཞི་བ་གོམས་པར་བསྒོམས་པའི་ཡིད་ལྡན་པ། །​བྱེ་བ་ཕྲག་ནི་བདུན་ཅུ་བདུན་བདུན་འདུས། །​མི་ཚེ་ལོ་གྲངས་དག་ནི་དགུ་ཁྲི་ཡིན། །​དངོས་པོ་མེད་པར་ཕྱིན་པའི་དམ་ཆོས་དག །​ལོ་གྲངས་ཉིས་འབུམ་བར་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་རྒྱས་འགྱུར་མཐའ་ཡས་ཤིང་། །​མཆོད་རྟེན་བྱེ་བ་ཕྲག་ནི་བདུན་ཅུ་གསུམ། །​དེ་བཞིན་གཤེགས་པ་ཚངས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14205#UT22084-045-001-14205