Degé Kangyur volume 45, F.175.a

ནི་རྒྱལ་རིགས་འོད་ཀྱི་ཚད། །​དཔག་ཚད་བརྒྱ་ཡོད་ཡབ་ནི་ལེགས་བཟངས་ཡིན། །​མཆོད་སྦྱིན་ཡོན་བརྒྱན་མ་ནི་རྒྱལ་བའི་ཡུམ། །​སྲས་པོ་བྱམས་ལྡན་བློ་ལྡན་རིམ་གྲོ་པ། །​ས་བདག་ཅེས་ནི་བྱ་བ་མཁས་པ་སྟེ། །​གཟུངས་དགུ་ཐོབ་ཅེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་དྲུག་ཀུན་ལའང་། །​མཚུངས་པ་མེད་པ་པད་མའི་དངོས་ལྟ་བུའི། །​བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་ཡོད། །​མི་ཚེ་ལོ་གྲངས་ཉི་ཁྲི་ཉིས་སྟོང་ཡིན། །​ཡོན་ཏན་མངོན་པར་དགྱེས་པའི་དམ་ཆོས་དག །​ལོ་གྲངས་སྟོང་ཕྲག་བཅུ་བདུན་བར་དུ་གནས། །​རྒྱལ་བའི་མཆོད་རྟེན་དཔག་ཚད་གཅིག་པ་སྟེ། །​མེ་ཏོག་བརྒྱ་དག་གིས་ནི་བརྒྱན་ཞིང་སྤྲས། །​དེ་བཞིན་གཤེགས་པ་དོན་གྱི་བློ་མངའ་བའི། །​སྐྱེ་བའི་ཡུལ་ནི་དོན་ལྡན་སྒྲ་ཞེས་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​དཔག་ཚད་དགུ་ཡོད་ཡབ་ནི་ལག་བཟངས་ཡིན། །​ཚངས་པའི་མཆོད་རྟེན་ཞེས་བྱ་རྒྱལ་བའི་ཡུམ། །​སྲས་པོ་མཆོད་རྟེན་ལེགས་སེམས་རིམ་གྲོ་པ། །​བློ་གྲོས་བདུད་རྩི་ཞེས་བྱ་མཁས་པ་སྟེ། །​རྣམ་པར་ངེས་པའི་མཛོད་ནི་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །​ཁོང་ཁྲོ་མེད་པ་རི་ལྟར་གནས་པ་པོ། །​བྱེ་བ་ཕྲག་ནི་བདུན་ཅུ་གཉིས་གཉིས་ཡོད། །​མི་ཚེ་ལོ་གྲངས་དྲུག་ཁྲི་ཉིས་སྟོང་ཡིན། །​རྣམ་པར་ཐར་པར་ཕྱིན་པའི་དམ་ཆོས་དག །​ལོ་གྲངས་སྟོང་ཕྲག་བཅྭ་བརྒྱད་བར་དུ་གནས། །​སྐུ་གདུང་རྒྱས་འགྱུར་ས་གཞི་ཐམས་ཅད་ནི། །​རིན་ཆེན་མཆོད་རྟེན་བྱེ་བ་དྲུག་གིས་ཁྱབ། །​དཔལ་ལྡན་ལེགས་པ་ཡོན་ཏན་བསགས་པ་ཡི། །​སྐྱེ་བའི་ཡུལ་ནི་བློ་གྲོས་ངན་ཞེས་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​དཔག་ཚད་གཅིག་ཡོད་ཡབ་ནི་བློ་ལྡན་ཡིན། །​མི་སྡུག་རྒྱལ་བའི་ཡུམ་ཡིན་སྲས་པོ་ནི། །​འཇིག་རྟེན་དགའ་བ་སྐར་མ་རིམ་གྲོ་པ། །​འགྲོས་སྙོམས་པ་ཞེས་བྱ་བ་མཁས་པ་སྟེ། །​འོད་ཅན་གྲགས་པ་ཞེས་བྱ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱ་ནི་རྩ་ལྔ་སྟེ། །​བྱེ་བ་བརྒྱ་ཕྲག་དག་ནི་ཚང་བ་དང་། །​དྲུག་ཅུ་རྩ་དྲུག་དག་ཀྱང་འདུས་པར་འགྱུར། །​མི་ཚེ་ལོ་གྲངས་བདུན་ཁྲི་ཉིས་སྟོང་ཡིན། །​ལྷ་མིའི་དོན་ཕྱིར་དམ་ཆོས་ལོ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14203#UT22084-045-001-14203