Degé Kangyur volume 45, F.174.a

གྲངས་བཞི་ཁྲི་དྲུག་སྟོང་བར་དུ་གནས། །​སྐུ་གདུང་བཅས་པའི་མཆོད་རྟེན་བཟང་པོ་དག །​འཇིག་རྟེན་དག་ཏུ་ཐེར་འབུམ་ཕྲག་གཉིས་འབྱུང་། །​དེ་བཞིན་གཤེགས་པ་གོ་ཆ་བགོས་པ་ཡི། །​སྐྱེ་བའི་ཡུལ་ནི་བལྟ་ན་མཛེས་ཞེས་བྱ། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །​ཉི་ཤུ་རྩ་བཞི་ཡབ་ནི་ལེགས་སྣང་ཡིན། །​ངེས་བྱམས་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་གསེར་ཡིན་རྣམ་དག་རིམ་གྲོ་པ། །​མེ་ཏོག་དགའ་ཞེས་བྱ་བ་བློ་ལྡན་ཏེ། །​གཟུགས་བརྩེགས་པ་ཞེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བྱེ་བ་ཕྲག་བཞི་དང་། །གཞན་ཡང་དྲུག་ཅུ་རྩ་དྲུག་ཀུན་ལ་ཡང་། །​བརྒྱད་ཁྲི་བརྒྱད་ཁྲི་དག་ནི་ཚོགས་པར་འགྱུར། །​མི་ཚེ་ལོ་གྲངས་བདུན་ཁྲི་ལྔ་སྟོང་ཡིན། །​མགོན་པོ་མཆོག་མའི་དམ་པའི་ཆོས་དག་ཀྱང་། །​ལོ་གྲངས་བདུན་ཁྲི་ལྔ་སྟོང་བར་དུ་གནས། །​རྒྱལ་བའི་མཆོད་རྟེན་དཔག་ཚད་བཞི་པ་ཀུན། །གསེར་གྱི་འོད་ཀྱིས་རྣམ་པར་མཛེས་པར་བྱས། །​དེ་བཞིན་གཤེགས་པ་སེང་གེའི་ཕྱག་དག་གི། །​སྐྱེ་བའི་ཡུལ་ནི་ངེས་པའི་དོན་ཞེས་བྱ། །​རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །​བདུན་ཅུ་རྩ་དྲུག་ཡབ་ནི་མི་དམན་པ། །​བདུད་རྩི་དགའ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་ཆོས་བཟངས་ཕན་འདོད་རིམ་གྲོ་པ། །​ཡེ་ཤེས་མཆོག་ཅེས་བྱ་བ་མཁས་པ་སྟེ། །​ངེས་པར་ཐོབ་ཅེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བརྒྱད་དེ་ཀུན་ལ་ཡང་། །​ཐེག་པ་མཆོག་གིས་རྣམ་ཐར་ཐོབ་པ་པོ། །​བྱེ་བ་ཕྲག་ནི་བཅུ་བཅུ་ཚོགས་པར་འགྱུར། །​མི་ཚེ་ལོ་གྲངས་དྲུག་ཁྲི་ཉིས་སྟོང་ཡིན། །​འཇིག་རྟེན་མཁྱེན་པ་མྱ་ངན་འདས་ནས་ཀྱང་། །​དམ་ཆོས་ལོ་གྲངས་དགུ་བཅུ་རྩ་དགུར་གནས། །​དཔག་ཚད་ལྔ་པའི་མཆོད་རྟེན་སྐུ་གདུང་བཅས། །​གཅིག་སྟེ་རིན་ཆེན་བརྒྱ་སྙེད་དྲ་བས་སྤྲས། །​མི་ཡི་འདྲེན་པ་མེ་ཏོག་བཟང་པོ་ཡི། །​སྐྱེ་བའི་ཡུལ་ནི་མེ་ཏོག་བརྒྱན་ཞེས་བྱ། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །​དཔག་ཚད་ལྔ་ཡོད་ཡབ་ནི་མཆོད་ལེགས་ཡིན། །​མེ་ཏོག་མཆོག་མ་རྒྱལ་ཡུམ་སྲས་པོ་ནི། །​མེ་ཏོག་བཟང་པོ་མེ་ཏོག་རིམ་གྲོ་པ། །​འགྲོས་མཛེས་པ་ཞེས་བྱ་བ་མཁས་པ་སྟེ། །​གཟི་བརྗིད་མངོན་འཕགས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14201#UT22084-045-001-14201