Degé Kangyur volume 45, F.162.b

འཇིག་རྟེན་གསུམ་ལ་མ་ཞེན་མཚུངས་སྨྲ་ལ། །​ཆགས་པ་མེད་པར་གྱུར་པ་སྡིག་སྦྱངས་པ། །​འདུས་པ་དག་ནི་མཐའ་ཡང་ཡས་པར་འགྱུར། །​མི་ཚེ་ལོ་གྲངས་ས་ཡ་ཕྲག་གསུམ་ཡིན། །​མགོན་པོ་མཆོག་མ་མྱ་ངན་འདས་ནས་ཀྱང་། །​མགོན་པོ་མཆོག་མའི་དམ་ཆོས་གནས་པར་འགྱུར། །​མཆོད་རྟེན་དག་གི་གྲངས་ནི་བརྒྱད་ཁྲི་སྟེ། །​གཞན་ཡང་བཞི་སྟོང་གསེར་གྱི་རྒྱལ་མཚན་ཅན། །​དེ་བཞིན་གཤེགས་པ་ཆོས་བརྟན་ཞེས་བྱ་བའི། །​སྐྱེ་བའི་ཡུལ་ནི་དྲག་ཤུལ་འོད་ཅེས་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་དཔག་ཚད། །​ཁྲི་ཕྲག་བཅུ་ཡོད་ཡབ་ནི་ཡང་དག་གཟིགས། །​ཤིན་ཏུ་ཡང་དག་གཟིགས་མ་རྒྱལ་ཡུམ་སྲས། །​བསོད་ནམས་བཟང་པོ་གཟི་བཟངས་རིམ་གྲོ་པ། །​བརྟུལ་ཞུགས་མཆོད་རྟེན་ཞེས་བྱ་མཁས་པ་སྟེ། །​ཤེས་རབ་རྣམ་པར་ངེས་པ་རྫུ་འཕྲུལ་ཅན། །​འདུས་པ་དག་ནི་ལན་གྲངས་བཅུ་གཅིག་སྟེ། །​ཀུན་ལའང་འཁྲུག་པ་མེད་པར་གནས་གྱུར་ཀུན། །​བྱེ་བ་ཕྲག་ནི་བདུན་ཅུ་གཉིས་གཉིས་ཡོད། །​མི་ཚེ་ལོ་གྲངས་འབུམ་ཕྲག་གཉིས་ཀྱང་ཡིན། །​མཚུངས་པ་མེད་པ་མྱ་ངན་འདས་ནས་ཀྱང་། །​དམ་ཆོས་ལོ་གྲངས་བརྒྱད་ཅུའི་བར་དུ་གནས། །​མཆོད་རྟེན་བཟང་པོ་བྱེ་བ་བདུན་ཅུ་དྲུག ། ཁོར་ཡུག་རིན་ཆེན་རྒྱལ་མཚན་དག་གིས་བརྒྱན། །​སངས་རྒྱས་གཟི་བརྗིད་དྲག་ཤུལ་ཅན་གྱི་ནི། །​སྐྱེ་ཡུལ་གཟི་བརྗིད་མ་སྨད་པ་ཞེས་བྱ། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །​དཔག་ཚད་བྱེ་བ་ཡབ་ནི་ལག་དབང་ཡིན། །​སྤྲིན་ལྡན་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་རྣམ་ངེས་དཔའ་བོ་རིམ་གྲོ་པ། །​སྐྱེ་བ་ཟད་ཅེས་བྱ་བ་ཤེས་ཅན་ཏེ། །​ཞིང་རྣམས་གཡོ་བར་བྱེད་པ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་ལྔ་སྟེ་ཀུན་ལ་ཡང་། །​འགྲོ་དང་སྲིད་མཐའི་ཕ་རོལ་ཕྱིན་གྱུར་པ། །​བྱེ་བ་ཕྲག་ནི་བདུན་ཅུ་རེ་རེ་ཡོད། །​རྡུལ་བྲལ་སྐུ་ཚེ་ལོ་གྲངས་ཉིས་བརྒྱ་ཡིན། །​འཇིག་རྟེན་ཕན་ཕྱིར་ཐུབ་པའི་དམ་ཆོས་དག །​ལོ་གྲངས་སྟོང་ཕྲག་གཉིས་ཀྱི་བར་དུ་གནས། །​རྒྱལ་བའི་སྐུ་གདུང་རིལ་གཅིག་མཆོད་རྟེན་གཅིག །​དཔག་ཚད་དྲུག་ཅུ་པ་སྟེ་རྒྱན་གྱིས་བརྒྱན། །​དེ་བཞིན་གཤེགས་པ་ཆོས་ཀྱི་ནོར་བུ་ཡི། །​སྐྱེ་བའི་ཡུལ་ནི་པད་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14178#UT22084-045-001-14178