Degé Kangyur volume 45, F.162.a

བྱེ་བ་བརྒྱ་ཕྲག་བདུན་ཅུ་འབྱུང་། །​དེ་བཞིན་གཤེགས་པ་བློ་གྲོས་འོད་འཕྲོ་ཡི། །​སྐྱེ་བའི་ཡུལ་ནི་བསོད་ནམས་ལྡན་ཞེས་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​ཞིང་རྣམས་ཁྱབ་ལྡན་ཡབ་ནི་འོད་བཟངས་ཡིན། །​དཔལ་གཟི་མ་ཞེས་བྱ་བ་ཡུམ་ཡིན་ནོ། །​སྲས་པོ་གཟི་སྡུག་གྲགས་པ་རིམ་གྲོ་པ། །​ཡོན་ཏན་བརྒྱན་ཅེས་བྱ་བ་མཁས་པ་སྟེ། །​སྲིད་པ་སྐྲག་པར་བྱེད་པ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་ཁྲི་ཕྲག་བཞི་ཡིན་ཏེ། །​ཀུན་ལའང་རྣམ་ཐར་བརྒྱད་ལ་གནས་གྱུར་པ། །​བྱེ་བ་བརྒྱ་ཕྲག་སུམ་ཅུ་གཉིས་གཉིས་ཡོད། །​རྒྱལ་བའི་སྐུ་ཚེ་ལོ་གྲངས་བརྒྱ་ཡང་ཡིན། །​མྱ་ངན་འདས་ནས་འགྲོ་ལ་ཕན་པའི་ཕྱིར། །​དམ་ཆོས་ལོ་གྲངས་སྟོང་གི་བར་དུ་གནས། །​རྒྱལ་བའི་སྐུ་གདུང་རིལ་གཅིག་མཆོད་རྟེན་གཅིག །​དཔག་ཚད་བདུན་ཅུ་པ་སྟེ་རྒྱལ་མཚན་བརྒྱན། །​དེ་བཞིན་གཤེགས་པ་རི་བོའི་རྒྱལ་མཚན་གྱི། །​སྐྱེ་ཡུལ་མཆོད་རྟེན་རྨད་དུ་བྱུང་ཞེས་བྱ། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །​ཉི་ཤུ་གཉིས་ཡོད་ཡབ་ནི་ཤེད་སྐྱེས་ཡིན། །​ཐ་སྤངས་མ་ཞེས་བྱ་བ་རྡུལ་བྲལ་ཡུམ། །​སྲས་པོ་ལྷ་དགའ་སྐར་རྒྱལ་རིམ་གྲོ་པ། །​ཐོས་པ་རྒྱ་མཚོ་ཞེས་བྱ་མཁས་པ་སྟེ། །​རྒོལ་བ་རྣམ་པར་འཇོམས་པ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་དྲུག་ཅུ་རྩ་དྲུག་སྟེ། །​ཀུན་ལའང་ཏིང་འཛིན་ཞི་བ་རིམ་བསྒོམས་པ། །​དགྲ་བཅོམ་འཁྲུག་མེད་བྱེ་བ་བྱེ་བ་ཡོད། །​མི་ཚེ་ལོ་གྲངས་སྟོང་ཕྲག་བཅུ་ཡང་ཡིན། །ཞི་བར་ཕྱིན་པའི་དམ་པའི་ཆོས་དག་ཀྱང་། །​ལོ་གྲངས་སྟོང་ཕྲག་བཅུ་ནི་ཚང་བར་གནས། །​མཆོད་རྟེན་བཟང་པོ་བྱེ་བ་ཕྲག་གསུམ་སྟེ། །​མེ་ཏོག་བ་དན་རྒྱལ་མཚན་མཆོག་གིས་བརྒྱན། །​བདེ་བར་གཤེགས་པ་རིན་ཆེན་སྤོས་བཟངས་ཀྱི། །​སྐྱེ་བའི་ཡུལ་ནི་སྤོས་ཀྱིས་བརྒྱན་ཅེས་བྱ། །​རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །​བྱེ་བ་བརྒྱད་ཅུ་ཡབ་ནི་ལེགས་ཡིད་གཞུངས། །​སྤོས་ཀྱི་མཆོད་རྟེན་ཞེས་བྱ་རྒྱལ་བའི་ཡུམ། །​སྲས་པོ་ནོར་སྲེད་དགའ་བ་རིམ་གྲོ་པ། །​རབ་ཞི་མཆོག་ཅེས་བྱ་བ་མཁས་པ་སྟེ། །​མཆོད་རྟེན་མཆོག་ཅེས་བྱ་བ་རྫུ་འཕྲུལ་ཅན། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14177#UT22084-045-001-14177