Degé Kangyur volume 45, F.161.b

འཇམ་དབྱངས་སྐར་མ་རིམ་གྲོ་པ། །​འགྲོ་བ་དགའ་ཞེས་བྱ་བ་མཁས་པ་སྟེ། །​ཐུབ་པ་མཆོད་འདོད་ཅེས་བྱ་རྫུ་འཕྲུལ་ཅན། །​འདུས་པ་དག་ནི་ལན་གྲངས་གཉིས་ཡིན་ཏེ། །​ཀུན་ལའང་དགྲ་བཅོམ་འཁྲུག་མེད་གནས་པ་ཀུན། །​ཁྲི་ཕྲག་ཉི་ཤུ་རྩ་ནི་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་དག་ནི་སུམ་སྟོང་ཡིན། །​ལུས་པ་མེད་པར་ཕྱིན་པའི་དམ་ཆོས་དག །​ལོ་གྲངས་སྟོང་ཕྲག་བཅུ་གཉིས་བར་དུ་གནས། །​དེ་ཡི་ཚེ་ན་རྒྱལ་བའི་མཆོད་རྟེན་ནི། །​དཔག་ཚད་བཅུ་པའི་ཚད་ཙམ་གཅིག་འབྱུང་འགྱུར། །​དེ་བཞིན་གཤེགས་པ་སྟེགས་ནི་མཛད་པ་ཡི། །སྐྱེ་བའི་ཡུལ་ནི་བདེ་བ་ཅན་ཞེས་བྱ། །​རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །​དཔག་ཚད་སུམ་ཅུ་ཡབ་ནི་མཐུ་རྩལ་ཡིན། །​ཡིད་གཉིས་སྤོང་བ་རྒྱལ་བའི་ཡུམ་ཡིན་ནོ། །​སྲས་པོ་ལྗོན་མཆོག་ཐབས་ལྡན་རིམ་གྲོ་པ། །​ས་འཛིན་ཅེས་ནི་བྱ་བ་མཁས་པ་སྟེ། །​རི་བོ་སྒུལ་ཞེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་དྲུག་ཅུ་རྩ་དྲུག་སྟེ། །​འདུས་པ་ཀུན་ལའང་སྲེད་པའི་རྒྱ་མཚོ་ལས། །​རྒལ་གྱུར་བྱེ་བ་ཕྲག་ནི་དགུ་དགུ་ཡོད། །​མི་ཚེ་ལོ་གྲངས་སྟོང་ཕྲག་དགུ་བཅུ་དགུ། །​ཟད་མཐར་ཕྱིན་པའི་དམ་པའི་ཆོས་དག་ཀྱང་། །​ལོ་གྲངས་སུམ་ཁྲི་དྲུག་སྟོང་བར་དུ་གནས། །​སྐུ་གདུང་རྒྱས་འགྱུར་མཆོད་རྟེན་བཟང་པོ་དག །​བྱེ་བ་སྟོང་ཕྲག་ཉི་ཤུ་རྩ་གཉིས་འབྱུང་། །​དེ་བཞིན་གཤེགས་པ་སྤོས་ཀྱི་གླང་པོ་ཡི། །​སྐྱེ་བའི་ཡུལ་ནི་སྤོས་གསལ་ཞེས་ཀྱང་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​དཔག་ཚད་བྱེ་བ་ཕྲག་གསུམ་ལག་བཟངས་ཡབ། །​ས་ཡི་བདག་མོ་ཞེས་བྱ་རྒྱལ་བའི་ཡུམ། །​སྲས་པོ་ཤུག་པ་དྲག་ཤུལ་རིམ་གྲོ་པ། །​ངེས་པ་བརྟན་ཞེས་བྱ་བ་མཁས་པ་སྟེ། །​གླང་པོའི་ལྟ་སྟངས་ཞེས་བྱ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་སུམ་ཅུ་རྩ་དྲུག་སྟེ། །​ཀུན་ལའང་འདམ་བརྒལ་གཏི་མུག་བྲལ་གྱུར་པ། །​བྱེ་བ་ཕྲག་ནི་ཉི་ཤུ་བཞི་བཞི་ཡོད། །​མི་ཚེ་ལོ་གྲངས་སྟོང་ཕྲག་བཅྭ་ལྔ་ཡིན། །​ལུས་པ་མེད་པར་ཕྱིན་པའི་དམ་ཆོས་དག །​ལོ་གྲངས་སྟོང་ཕྲག་དགུ་བཅུ་རྩ་དགུར་གནས། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །​མཆོད་རྟེན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14176#UT22084-045-001-14176