Degé Kangyur volume 45, F.161.a

བ་མྱ་ངན་འདས་ནས་དམ་ཆོས་དག །​ལོ་གྲངས་དྲུག་ཁྲིའི་བར་དུ་གནས་པར་འགྱུར། །​རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །​མཆོད་རྟེན་བརྒྱད་ཁྲི་དག་ནི་ཚང་བར་འགྱུར། །​བདེ་བར་གཤེགས་པ་སྐལ་ལྡན་ཤིང་རྟ་ཡི། །​སྐྱེ་བའི་ཡུལ་ནི་སྐར་མའི་འོད་ཅེས་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​དཔག་ཚད་བཅུ་ཡོད་ཡབ་ནི་ཡུལ་འཁོར་བཟང་། །​རིན་ཆེན་མཆོག་མ་རྒྱལ་ཡུམ་སྲས་པོ་ནི། །​དགའ་བའི་དབང་ཕྱུག་ལེགས་དགའ་རིམ་གྲོ་པ། །​འོད་བྱེད་ཅེས་ནི་བྱ་བ་མཁས་པ་སྟེ། །​ཡོན་ཏན་འབྱུང་གནས་ཞེས་བྱ་རྫུ་འཕྲུལ་ཅན། །​འདུས་པ་དག་ནི་ལན་གྲངས་བརྒྱད་ཅུ་སྟེ། །​ཀུན་ལའང་སེམས་ནི་རྣམ་པར་གྲོལ་བ་ཀུན། །​བྱེ་བ་ཕྲག་ནི་དགུ་བཅུ་རྩ་གཉིས་གཉིས། །​དེ་དག་ཚེ་ཚད་ལོ་གྲངས་བརྒྱ་ཡང་ཡིན། །​ཟད་མཐར་ཕྱིན་པའི་དམ་པའི་ཆོས་དག་ཀྱང་། །​ལོ་གྲངས་སྟོང་ཕྲག་ཉི་ཤུ་གསུམ་དུ་གནས། །​སྐུ་གདུང་མཆོད་རྟེན་བྱེ་སྟོང་བདུན་ཅུ་དྲུག །​རིན་ཆེན་བརྒྱ་ཡི་དྲ་བས་རྣམ་པར་སྤྲས། །​འཇིག་རྟེན་མགོན་པོ་ཀུན་ཏུ་རྒྱལ་བ་ཡི། །​སྐྱེ་བའི་ཡུལ་ནི་བདེན་པས་བརྒྱན་ཅེས་བྱ། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །​བྱེ་བ་བཅུ་གཉིས་ཡབ་ནི་རྒྱ་མཚོ་ཡིན། །​གཟི་བརྗིད་བདག་མོ་རྒྱལ་ཡུམ་སྲས་པོ་ནི། །​བསམ་གཏན་དགའ་བ་ལྷ་ནི་རིམ་གྲོ་པ། །​དགྲ་བཅོམ་དག་གིས་བསྟོད་པ་མཁས་པ་སྟེ། །​རྒོལ་བ་རབ་ཏུ་འཇོམས་པ་རྫུ་འཕྲུལ་ཅན། །​འདུས་པ་དག་ནི་ལན་གྲངས་བརྒྱད་ཡིན་ཏེ། །​འདུས་པ་ཀུན་ལའང་ང་རྒྱལ་རྒྱལ་མཚན་དག །​སྤངས་པ་ཐམས་ཅད་བྱེ་བ་ཕྲག་སྟོང་སྟོང་། །​མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །​མི་ཡི་མཆོག་རབ་དག་གི་དམ་ཆོས་དག །​ལོ་གྲངས་བྱེ་བ་ཚང་བར་གནས་པར་འགྱུར། །​མཆོད་རྟེན་བྱེ་བ་བརྒྱ་ཕྲག་ཚང་བ་ལ། །​དངུལ་གྱིས་སྤྲས་ཤིང་མུ་ཏིག་རབ་ཏུ་སྦྱངས། །​དེ་བཞིན་གཤེགས་པ་དགའ་བ་བཀོད་པ་ཡི། །​སྐྱེ་བའི་ཡུལ་ནི་རྟག་ཏུ་མཐོང་ཞེས་བྱ། །​རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །​དཔག་ཚད་བྱེ་བ་ཡབ་ནི་འཁྲུག་པ་མེད། །​སྐད་སྙན་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14175#UT22084-045-001-14175