Degé Kangyur volume 45, F.160.b

ཚད་གཉིས་ཡོད་ཡབ་ནི་ཐོགས་པ་མེད། །​རིན་ཆེན་ལྡན་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་འཇོམས་བྱེད་བཟང་བྱིན་རིམ་གྲོ་པ། །​དགེ་སློང་ཚོགས་ཅན་གཙོ་བོ་མཁས་པ་སྟེ། །​རྒོལ་བ་ཕུང་བྱེད་ཅེས་བྱ་རྫུ་འཕྲུལ་ཅན། །​འདུས་པ་དག་ནི་ལན་གྲངས་དགུ་བཅུ་སྟེ། །ཀུན་ལའང་སྲེད་དང་དྲི་མ་ཐ་བ་དང་། །​མདུད་པ་བཅད་པ་བྱེ་བ་ཕྲག་བཅུ་བཅུ། །​མི་ཚེ་ལོ་གྲངས་བྱེ་བ་སྟོང་ཕྲག་བཅུ། །​རྣམ་པར་གྲོལ་བར་ཕྱིན་པའི་དམ་ཆོས་དག །​ལོ་གྲངས་སྟོང་ཕྲག་གཉིས་ཀྱི་བར་དུ་གནས། །​མཆོད་རྟེན་ཁྱད་འཕགས་དཔག་ཚད་གཅིག་པ་ལ། །རིན་ཆེན་ཁྱད་པར་འཕགས་པ་བརྒྱ་ཡིས་སྤྲས། །​དེ་བཞིན་གཤེགས་པ་འཇིག་རྟེན་འོད་ཀྱི་ནི། །​སྐྱེ་བའི་ཡུལ་ནི་གཟི་བརྗིད་འཕགས་ཞེས་བྱ། །​རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །​དཔག་ཚད་དྲུག་ཅུ་ཡབ་ནི་ཟླ་བའི་རི། །​མེ་ཏོག་ཅན་ཞེས་བྱ་བ་ཡུམ་ཡིན་ནོ། །​སྲས་པོ་དགའ་སྡུག་རྒྱལ་བྱེད་རིམ་གྲོ་པ། །​ཡོན་ཏན་གྲགས་ཞེས་བྱ་བ་མཁས་པ་སྟེ། །​ཙན་དན་བཟང་པོ་ཞེས་བྱ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་དྲུག་ཅུ་རྩ་དྲུག་སྟེ། །​འདུས་པ་ཀུན་ལའང་དགྲ་བཅོམ་བྱེ་བ་ཕྲག །​སྟོང་ཕྲག་དགུ་བཅུ་རྩ་ནི་དགུ་དགུ་ཡོད། །​མི་ཚེ་ལོ་གྲངས་སྟོང་ཕྲག་ཉི་ཤུ་གཉིས། །​དམ་ཆོས་ལོ་གྲངས་སྟོང་གི་བར་དུ་གནས། །​རྒྱལ་བའི་མཆོད་རྟེན་དཔག་ཚད་གསུམ་པ་ལ། །​ཁོར་ཡུག་གསེར་ལས་བྱས་པའི་བླ་རེས་སྤྲས། །​གདུགས་གྲངས་བྱེ་བ་བརྒྱ་ཕྲག་བཅུ་ཡང་ཡོད། །​དེ་བཞིན་གཤེགས་པ་རིན་ཆེན་གཟི་བརྗིད་ཀྱི། །​སྐྱེ་བའི་ཡུལ་ནི་བསོད་ནམས་རྣམ་འཕྲུལ་ཡིན། །​རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །​དཔག་ཚད་བཅུ་གསུམ་ཡབ་ནི་པད་མ་བཟང་། །​ཡོན་ཏན་སྨྲ་བ་རྒྱལ་ཡུམ་སྲས་པོ་ནི། །​མེ་ཏོག་ལེགས་རྒྱས་སྐར་མ་རིམ་གྲོ་པ། །​དྲང་སྲོང་མང་པོས་བསྟོད་པ་མཁས་ལྡན་ཏེ། །​འཇིག་རྟེན་དགའ་ཞེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་དག་ནི་ལན་གྲངས་ཐེར་འབུམ་སྟེ། །​དེ་དག་ཀུན་ལའང་སེམས་སྦྱངས་མཆོད་གནས་དག །​ཐེར་འབུམ་ཐེར་འབུམ་དག་ནི་ཚང་བར་ཡོད། །​མི་ཚེ་ལོ་གྲངས་དག་ནི་དགུ་སྟོང་ཡིན། །​རྒྱལ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14174#UT22084-045-001-14174