Degé Kangyur volume 45, F.160.a

ཆགས་མེད་འདམ་བརྒལ་སྦྱངས་པ་པོ། །​བྱེ་བ་ཕྲག་ནི་བཅུ་བཅུ་ཁོ་ན་ཡོད། །​མི་ཚེའི་ཚད་ནི་ལོ་གྲངས་སུམ་བརྒྱ་ཡིན། །​རྣམ་པར་གྲོལ་བར་ཕྱིན་པའི་དམ་ཆོས་དག །​ལོ་གྲངས་སྟོང་ཕྲག་བཅུ་ཡི་བར་དུ་གནས། །​མཆོད་རྟེན་བྱེ་བ་བརྒྱ་ཕྲག་གཉིས་ཡོད་དེ། །​གསེར་ལས་བྱས་པའི་དྲ་བས་ཀུན་ཏུ་གཡོགས། །​དེ་བཞིན་གཤེགས་པ་ཤིན་ཏུ་མཐོར་གཤེགས་ཀྱི། །​སྐྱེ་བའི་ཡུལ་ནི་ལྷ་ཡིས་སྤྲུལ་ཅེས་བྱ། །​རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །​དགུ་བཅུ་གཉིས་ཡོད་ལྗོན་པའི་དབང་པོ་ཡབ། །​དགའ་བ་ཅན་ནི་ཡུམ་ཡིན་སྲས་པོ་ནི། །​ཡོན་ཏན་དགའ་བ་རྒྱལ་བ་རིམ་གྲོ་པ། །​དགྲ་བཅོམ་དགའ་ཞེས་བྱ་བ་མཁས་པ་སྟེ། །​དགེ་སློང་སྐར་མཁན་གྲགས་པ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་དྲུག་ཅུ་རྩ་དྲུག་སྟེ། །​ཀུན་ལའང་སེམས་ཞི་དུལ་བར་ལྡན་པ་དག །​བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་ཡོད། །​མི་ཚེ་ལོ་གྲངས་སྟོང་ཕྲག་བཞི་བཅུ་ཡིན། །​རྟོག་པ་མེད་པ་དེ་ཡི་དམ་ཆོས་དག །​ལོ་གྲངས་སྟོང་ཕྲག་དགུ་ཡི་བར་དུ་གནས། །​རྒྱལ་བའི་མཆོད་རྟེན་དཔག་ཚད་གསུམ་པ་གཅིག །​གསེར་དག་གིས་ནི་རྣམ་པར་སྤྲས་པར་འགྱུར། །​མི་ཡི་མཆོག་མ་སྐྱེ་བའི་དབང་པོ་ཡི། །སྐྱེ་བའི་ཡུལ་ནི་འཇིག་རྟེན་འཕགས་ཞེས་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​དཔག་ཚད་གསུམ་ཡོད་ཡབ་ནི་ཤིན་ཏུ་མཆོད། །​འཇིགས་པ་མེད་པ་ཡུམ་ཡིན་སྲས་པོ་ནི། །​འཇིག་རྟེན་དགའ་བ་རྒྱལ་བ་རིམ་གྲོ་པ། །​ཚོགས་ཅན་བློ་ཞེས་བྱ་བ་མཁས་པ་སྟེ། །འབྲུག་སྒྲ་དབྱངས་ཞེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་དག་ནི་ལན་གྲངས་བཅུ་དྲུག་སྟེ། །​ཀུན་ལའང་དྲི་གསུམ་དྲི་དག་ཡིད་ལྡན་པ། །​སེམས་སྦྱངས་བྱེ་བ་ཕྲག་ནི་དྲུག་དྲུག་ཡོད། །​མི་ཚེའི་ཚད་ནི་ལོ་གྲངས་ཉིས་སྟོང་ཡིན། །​རྒྱལ་བ་མྱ་ངན་འདས་ནས་དམ་ཆོས་དག །​ལོ་གྲངས་སྟོང་ཕྲག་བདུན་ཅུ་གཉིས་སུ་གནས། །​མཆོད་རྟེན་བྱེ་བ་སྟོང་ཕྲག་གཉིས་ཚང་སྟེ། །​རིན་པོ་ཆེ་ཡིས་རྣམ་པར་སྤྲས་པར་འགྱུར། །​སྨྲ་བའི་ཟླ་བ་བློ་གྲོས་བཟང་པོ་ཡི། །​སྐྱེ་བའི་ཡུལ་ནི་ངེས་པའི་མདངས་ཞེས་བྱ། །​རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །​དཔག་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14173#UT22084-045-001-14173