Degé Kangyur volume 45, F.159.b

བཞིན་གཤེགས་པ་རིན་ཆེན་ཕུང་པོ་ཡི། །​སྐྱེ་བའི་ཡུལ་ནི་རིན་ཆེན་བརྒྱན་ཅེས་བྱ། །​དེའི་རིགས་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །​དཔག་ཚད་བདུན་ཅུ་ཡབ་ནི་འཁྲུག་མེད་ཡིན། །​རིན་ཆེན་མཆོག་མ་ཞེས་བྱ་རྒྱལ་བའི་ཡུམ། །​སྲས་པོ་ལེགས་སེམས་ཟླ་བ་རིམ་གྲོ་པ། །མཆོག་དབྱངས་ཞེས་བྱ་དེ་ནི་མཁས་པ་སྟེ། །​རྒོལ་བ་ཚར་གཅོད་ཅེས་བྱ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་དྲུག་ཅུ་རྩ་དྲུག་སྟེ། །​ཀུན་ལའང་དྲི་མེད་གཡོ་མེད་ལུས་སྦྱངས་པ། །​བྱེ་བ་ཕྲག་ནི་དགུ་བཅུ་གསུམ་གསུམ་ཡོད། །​མི་ཚེ་ལོ་གྲངས་སྟོང་ཕྲག་བདུན་ཅུ་གསུམ། །​བདེ་གཤེགས་འགོག་པར་ཕྱིན་པའི་དམ་ཆོས་དག །​ལོ་གྲངས་བརྒྱ་ཕྲག་བཅུ་ཡི་བར་དུ་གནས། །​རྒྱལ་བའི་སྐུ་གདུང་རིལ་གཅིག་མཆོད་རྟེན་ཡང་། །​འཕང་དུ་དཔག་ཚད་ལྔ་ཡི་ཚད་ཙམ་ཡིན། །​དེ་བཞིན་གཤེགས་པ་མཛེས་པར་གཤེགས་པ་ཡི། །སྐྱེ་བའི་ཡུལ་ནི་སྡུག་ཅིང་དགའ་ཞེས་བྱ། །​རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །​དཔག་ཚད་གསུམ་ཡོད་ཡབ་ནི་འོད་ཟེར་བཟང་། །​མེ་ཏོག་ཅན་ཅེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་བྱམས་པ་བློ་བཟངས་རིམ་གྲོ་པ། །​བློ་མཆོག་ཅེས་ནི་བྱ་བ་མཁས་པ་སྟེ། །​རྣམ་པར་འཕྲུལ་ཞེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་དྲུག་ཅུ་རྩ་དྲུག་སྟེ། །​ཀུན་ལའང་ང་མེད་ཐམས་ཅད་རིམས་མེད་པ། །​སྲིད་གྲོལ་བྱེ་བ་ཕྲག་ནི་གསུམ་གསུམ་ཡོད། །​མི་ཚེའི་ཚད་ནི་ལོ་གྲངས་བྱེ་བ་ཡིན། །​རབ་ཏུ་ཞི་བར་ཕྱིན་པའི་དམ་ཆོས་དག །​ལོ་གྲངས་སྟོང་ཕྲག་དགུ་བཅུ་གཅིག་ཏུ་གནས། །​འཇིག་རྟེན་མཁྱེན་པའི་སྐུ་གདུང་རྒྱས་འགྱུར་ལ། །​མཆོད་རྟེན་བྱེ་བ་ཕྲག་ནི་ཉི་ཤུ་གསུམ། །​དེ་བཞིན་གཤེགས་པ་སེང་གེའི་ཕྱོགས་པ་ཡི། །​སྐྱེ་བའི་ཡུལ་ནི་བསོད་ནམས་ལྡན་ཞེས་བྱ། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །​དཔག་ཚད་བཅྭ་བརྒྱད་ཡབ་ནི་ལེགས་བཟང་ཡིན། །​པད་མ་ཅན་ཞེས་བྱ་བ་དེ་ཡི་ཡུམ། །​སྲས་པོ་གཙོ་མཆོག་ཆོས་ནི་རིམ་གྲོ་པ། །​འོད་ཟེར་བརྒྱ་པ་ཞེས་བྱ་མཁས་པ་སྟེ། །​རབ་ཏུ་འཇོམས་ཞེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་བཅུ་སྟེ་ཐམས་ཅད་ལའང་། །​དགྲ་བཅོམ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14172#UT22084-045-001-14172