Degé Kangyur volume 45, F.159.a

རིམ་གྲོ་པ། །​ང་རོ་སྙན་ཅེས་བྱ་བ་མཁས་པ་སྟེ། །​བདེ་བར་སོང་ཞེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་དྲུག་ཅུ་རྩ་དྲུག་སྟེ། །​ཀུན་ལའང་བྱེ་ཕྲག་ཉི་ཤུ་གཉིས་གཉིས་ཡོད། །​མི་ཚེ་ལོ་གྲངས་སྟོང་ཕྲག་ཉི་ཤུ་གཉིས། །​ཟད་མཐར་ཕྱིན་པའི་དམ་པའི་ཆོས་དག་ཀྱང་། །​ལོ་གྲངས་སྟོང་ཕྲག་དགུ་བཅུ་གསུམ་དུ་གནས། །​སྐུ་གདུང་རྒྱས་འགྱུར་རིན་པོ་ཆེ་ཡིས་སྤྲས། །​མཆོད་རྟེན་བྱེ་བ་བརྒྱད་ཅུ་རྩ་དྲུག་སྟེ། །​རིན་ཆེན་སྣ་བདུན་དག་གིས་བརྒྱན་པར་འགྱུར། །​འཇིག་རྟེན་འདྲེན་པ་ན་ཚོད་བཟང་པོ་ཡི། །​སྐྱེ་བའི་ཡུལ་ནི་རིན་ཆེན་བརྒྱན་ཅེས་བྱ། །​རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །​ཉི་ཤུ་གཉིས་ཡོད་ཡབ་ནི་འབྱོར་པ་ཡིན། །​སྐྱེ་བའི་མཆོད་རྟེན་ཡུམ་ཡིན་སྲས་པོ་ནི། །​སྒྲ་གཅན་དགའ་བ་བཟང་པོ་རིམ་གྲོ་པ། །​རྐང་འགྲོ་ཞེས་བྱ་དེ་ནི་མཁས་པ་སྟེ། །​རྣམ་པར་སྒྲོགས་ཞེས་བྱ་བ་རྫུ་འཕྲུལ་མཆོག ། འདུས་པ་དག་ནི་ལན་གྲངས་བརྒྱད་ཅུ་སྟེ། །​ཀུན་ལའང་དགྲ་བཅོམ་ཐམས་ཅད་གཡོ་མེད་པ། །​རྣམ་གྲོལ་དྲི་མེད་བྱེ་བ་ཕྲག་བཅུ་བཅུ། །​མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །​འཇིག་རྟེན་མཁྱེན་པ་མྱ་ངན་འདས་ནས་ཀྱང་། །​ལོ་སྟོང་བར་དུ་ཆོས་ཀྱི་འཁོར་ལོ་སྐོར། །​སྐུ་གདུང་རྒྱས་འགྱུར་ཁོ་ར་ཁོར་ཡུག་ཏུ། །​མཆོད་རྟེན་སྟོང་ཕྲག་དྲུག་ཅུ་རྩ་བཞིས་བརྒྱན། །​དེ་བཞིན་གཤེགས་པ་ལྷ་དགའ་ཞེས་བྱ་བའི། །​སྐྱེ་བའི་ཡུལ་ནི་ལྷ་ཡིས་བརྒྱན་ཅེས་བྱ། །​རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །​དཔག་ཚད་བྱེ་བ་ཡབ་ནི་ན་ཚོད་བཟང་། །མཉམ་པར་སེམས་ཞེས་བྱ་བ་རྒྱལ་བའི་ཡུམ། །​སྲས་པོ་དགའ་སྡུག་དགའ་བོ་རིམ་གྲོ་པ། །​མི་ཡི་སེང་གེ་ཞེས་བྱ་མཁས་པ་སྟེ། །​བདུད་འཇོམས་པ་ཞེས་བྱ་བ་རྫུ་འཕྲུལ་ཅན། །​འདུས་པ་ལན་གྲངས་སུམ་ཅུ་རྩ་དྲུག་སྟེ། །​འདུས་པ་ཀུན་ལའང་བློ་གྲོས་རབ་ཞི་བ། །​བྱེ་བ་བརྒྱ་ཕྲག་དྲུག་ཅུ་གཉིས་གཉིས་ཡོད། །​མི་ཚེ་ལོ་གྲངས་སྟོང་ཕྲག་ཉི་ཤུ་གསུམ། །​སྟོན་པ་མྱ་ངན་འདས་ནས་དམ་ཆོས་དག །​ལོ་གྲངས་སྟོང་ཕྲག་བདུན་ཅུ་གཉིས་སུ་འབར། །​སྐུ་གདུང་རྒྱས་འགྱུར་མཆོད་རྟེན་བཟང་པོ་དག །​བྱེ་བ་སྟོང་ཕྲག་དགུ་བཅུ་རྩ་དགུ་འབྱུང་། །​དེ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14171#UT22084-045-001-14171