Degé Kangyur volume 45, F.95.b
།མཆོད་སྦྱིན་དམ་པ་ཅི་སླད་ད་མི་སྩལ། །བདུད་རྩི་མེད་པའི་སེམས་ཅན་སྟོང་པོ་རྣམས། །དད་པ་ཕལ་ཆེན་ས་བོན་འཛིན་མཆིས་ན། །རྣམ་གྲོལ་གློག་དང་ཐུགས་རྗེའི་ཆར་སྤྲིན་ལས། །ཅི་སླད་བྱང་ཆུབ་ཡན་ལག་ཆར་མི་དབབ། །ཟུག་རྔུས་ཟུག་པའི་ནད་པ་ཁམས་གསུམ་ན། །ཉོན་མོངས་ཉམ་ཐག་ནད་སྙིང་ཟས་ཕོངས་ལ། །བྱང་ཆུབ་ཡན་ལག་སྨན་མཆོག་བརྙེས་པ་ཡིས། །ནད་པ་ཡུན་རིང་དིང་ཅི་གྲོལ་མི་མཛད། །མུན་པ་མུན་ནག་ཞུགས་པའི་འགྲོ་བ་རྣམས། །གཏི་མུག་བསྒྲིབས་པ་མྱ་ངན་ཆེན་པོའི་ནང་། །སྟོང་ཆེན་ཤེས་རབ་མར་མེས་མུན་ཆེན་པོ། །བཟོད་བརླག་ཅི་ཡི་སླད་དུ་སེལ་མི་མཛད། །འདམ་རྫབ་ཆུ་བོ་བཞི་ན་ཡོངས་སྐྱོ་བའི། །སྐྱེ་བོ་གཡང་ས་ཆེན་པོར་ལྷུང་འདི་དག །ལྷར་བཅས་འཇིག་རྟེན་སྨན་སླད་ཐུགས་བརྩེ་བའི། །མགོན་པོས་ད་ནི་ཅི་སླད་གདོན་མི་བགྱི། །ལྟ་ལ་ཆགས་པའི་མུ་སྟེགས་ཕལ་ཆེན་གྱིས། །ལྷ་མི་ཀུན་དུ་གློངས་པར་མཆིས་རྣམས་ལ། །དྲང་པོ་མ་ཡོ་གཡོ་མེད་བདེ་བ་ཡིས། །ཅི་སླད་རིན་ཆེན་ལམ་དག་ད་མི་བསྟན། །མི་དབང་སེང་གེ་ལ་ནི་ཚངས་གསོལ་བས། །རྫོགས་སངས་རྒྱས་སྤྱན་འཇིག་རྟེན་གསུམ་ལ་གཟིགས། །གཟིགས་ནས་སེམས་ཅན་རྣམས་ལ་བརྩེ་བསྐྱེད་དེ། །ནད་མེད་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ། །ལྷ་དེ་དག་གིས་དེ་ལྟར་བརྟགས་ནས་ཀྱང་། །བྱང་ཆུབ་སྙིང་པོར་སེང་གདན་ང་འདུག་ལ། །བསྟོད་དེ་བསྟོད་ནས་དེ་ལྟར་དགའ་བས་དོང་། །ངས་ཀྱང་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་བའི་རྒྱལ་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་འདུས་པ་འདིའི་ནང་ན་ནི་གང་དག་ཏིང་ངེ་འཛིན་འདི་དང་། ཕ་རོལ་ཏུ་ཕྱིན་པ་ལ་འཇུག་པ་འདི་དང་། ཏིང་ངེ་འཛིན་གྱི་སྒོ་ལ་འཇུག་པ་བརྒྱད་ཁྲི་བཞི་སྟོང་པོ་འདི་རྣམས་ཐོབ་པ་དག་མཆིས་ལགས་སམ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་བའི་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14044#UT22084-045-001-14044