Degé Kangyur volume 45, F.96.a

ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །​མཆོག་ཏུ་དགའ་བའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་འདུས་པ་འདིའི་ནང་ན་གང་དག་བསྐལ་པ་བཟང་པོ་འདི་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བཞིན་གཤེགས་པ་བཞི་པོ་དག་མ་གཏོགས་པར་གང་དག་ཏིང་ངེ་འཛིན་འདི་དང་། ཕ་རོལ་ཏུ་ཕྱིན་པ་ལ་འཇུག་པ་འདི་དག་དང་། ཏིང་ངེ་འཛིན་གྱི་སྒོ་ལ་འཇུག་པ་བརྒྱད་ཁྲི་བཞི་སྟོང་པོ་འདི་དག་ཐོབ་པ་གང་དག་བསྐལ་པ་བཟང་པོ་འདི་ལ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དག་ཡོད་དོ། །​དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་བའི་རྒྱལ་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​ལེགས་སོ་ལེགས་སོ། །​བཙུན་པ་བཅོམ་ལྡན་འདས་ཀྱིས་སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་། ལྷ་དང་། མི་རྣམས་ཀྱི་དོན་དང་། སྨན་པ་དང་། བདེ་བ་དང་། དམ་པའི་ཆོས་ཡོངས་སུ་གཟུང་བ་དང་། དམ་པའི་ཆོས་ཡུན་རིང་དུ་གནས་པར་བགྱི་བ་དང་། མ་འོངས་པ་ན་བྱང་ཆུབ་སེམས་དཔའ་རྣམས་ལ་སྣང་བ་བགྱིད་པར་འགྱུར་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སླད་དུ་སྤྱོད་པ་ན་སྒྱིད་ལུག་པར་མི་འགྱུར་བའི་སླད་དུ། བྱང་ཆུབ་སེམས་དཔའ་དེ་དག་གི་རིགས་དང་། མིང་དེ་དག་བཀའ་སྩལ་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་བའི་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །​མཆོག་ཏུ་དགའ་བའི་རྒྱལ་པོ་དེའི་ཕྱིར་ཁྱོད་ལེགས་པར་རབ་ཏུ་ཉོན་ལ་ཚུལ་བཞིན་ཡིད་ལ་ཟུང་ཤིག་དང་བཤད་དོ། །​བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་བའི་རྒྱལ་པོས་བཅོམ་ལྡན་འདས་དེ་ལྟ་ལགས་སོ། །​ཞེས་གསོལ་ནས་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་མཚན་དང་། བྱང་ཆུབ་སེམས་དཔའ་དེ་དག་གི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14045#UT22084-045-001-14045