Degé Kangyur volume 45, F.95.a
།མཐོ་རིས་ལམ་དག་རྒྱ་ཆེར་མཛད་པ་ན། །འཇིག་རྟེན་ལས་མི་འདོད་པ་ཞི་མཛད་པ། །སཱ་ལའི་མཆོག་དབང་དྲུང་ན་ལྷང་ངེར་བཞུགས། །སྤྱོད་མཉམ་མཉམ་པ་ཉིད་ཀྱིས་བཞུགས་མཛད་ཅིང་། །འཇིག་རྟེན་ཕན་པར་བདེན་ཚུལ་དགོངས་པ་པོ། །བདེན་པའི་དབང་ཕྱུག་བསྟན་པ་དགོངས་པ་ན། །མགོན་པོ་རྒྱལ་བའི་གདན་ལ་ལྷང་ངེར་བཞུགས། །དུས་གསུམ་ཆོས་ཀྱི་དེ་ཉིད་དགོངས་མཛད་ཅིང་། །འགྲོ་བ་ཚོགས་གསུམ་དག་ཏུ་མཛད་པ་ན། །བསྟན་པ་དགོངས་ཚེ་དུས་ཤེས་འདི་དག་ནི། །ཐུགས་ཆུང་གསུང་བ་ཟླ་བ་ལྷང་ངེར་བཞུགས། །སེམས་ཅན་མཁས་པ་འཇིག་རྟེན་དམ་པ་སྟེ། །སུམ་ཅུ་གཉིས་མཚན་ལྡན་པ་གཟུགས་མཆོག་མངའ། །དྲང་སྲོང་ཆེན་པོ་འཇིག་རྟེན་མི་སྡུག་པ། །ཚངས་པ་ཡི་ཆད་དངོས་ཀྱིས་ཉེར་མཆིས་ན། །མེ་གསུམ་ལྷུང་བའི་འཇིག་རྟེན་གཟིགས་སུ་གསོལ། །ཁྱོད་ཀྱིས་བྱང་ཆུབ་ཡན་ལག་གྲུས་བསྟན་གསོལ། །མགོན་པོ་བྱང་ཆུབ་ཡན་ལག་བདུན་སྟོན་པ། །ཁྱོད་ཀྱིས་བདུད་རྩིའི་ཆར་དབབ་དུས་འདི་ལགས། །འདུ་ཤེས་ལོག་པ་ལོང་བ་རབ་ཉམས་པའི། །སྐྱེ་དགུ་བདུད་ལམ་གནས་པ་གཟིགས་སུ་གསོལ། །སྟོན་ཁྱོད་མིག་ལྡན་གཞན་དུ་མི་འགྱུར་བ། །ཁྱོད་ཀྱི་དུས་འདིར་ཐུགས་རྗེ་བསྐྱེད་དུ་གསོལ། །མུ་སྟེགས་ངན་འགྲོ་གཡང་ས་ཆེན་པོ་ཡི། །སྲིད་པའི་རྒྱ་མཚོས་སྐྱེ་དགུ་འདི་ཁྱེར་རྣམས། །སེམས་ཅན་སྲིད་མཚོ་ལས་འདོན་འགྲོ་བའི་དོན། །མཛད་པས་བྱང་ཆུབ་ཡན་ལག་གྲུས་ཀྱང་བསྒྲལ། །འཇིག་ཚོགས་ལྟས་བཅིངས་སྐྱེ་དགུ་འདི་དག་རྣམས། །ལྟ་བས་གནོད་བྱས་སྲིད་པའི་ཁོལ་པོ་དག །ཡུན་རིང་བགགས་པ་བཅིངས་ལས་ཐར་མ་མཆིས། །སེམས་ཅན་ཁ་སྒྱུར་ཅི་སླད་གྲོལ་མི་མཛད། །ཉོན་མོངས་དབང་གིས་ལོག་པར་རབ་སོང་ལ། །ཡུན་རིང་གཉིད་ལོག་སྒྲིབ་པས་ཁེབས་པ་རྣམས། །ཚུལ་ཁྲིམས་བརྟུལ་ཞུགས་བརྟན་པའི་ཏིང་འཛིན་འཐོབ། །ཆོས་ཀྱི་རྔ་སྒྲ་ཅི་སླད་བསྒྲགས་མི་བགྱིད། །འཇིག་རྟེན་དག་ན་དབུལ་གྱུར་འགྲོ་བ་རྣམས། །འགྲོ་ལྔ་རེ་ཐག་ཆད་པ་སློང་ཞུགས་ལ། །ཁྱོད་ཀྱིས་ནོར་བདུན་དེ་རིང་བརྙེས་གྱུར་པས། །མཆོད་སྦྱིན་དམ་པ་ཅི་སླད་ད་མི་སྩལ།
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14043#UT22084-045-001-14043