Degé Kangyur volume 45, F.94.b

ཆོས་ལ་དགའ་བའི་རྣམ་པར་སྨིན་པས་ཞག་བདུན་གྱི་བར་དུ་སྐྱིལ་མོ་ཀྲུང་མ་བཤིག་པར་འདུག་པ་ལ་ཚངས་པས་ཀྱེ་མའོ་འཇིག་རྟེན་འདི་ནི་ཆབ་འཚལ་ཏེ། འདི་ལྟར་དེ་བཞིན་གཤེགས་པས་ནི་ཆོས་རྒྱ་ཆེན་པོ་འདི་ལྟ་བུ་མངོན་པར་རྫོགས་པར་སངས་རྒྱས་ཀྱང་ཐུགས་ལས་ཆུང་ངུ་ལ་ཐུགས་མངོན་པར་གཞོལ་བར་མཛད་ཀྱི། ཆོས་བསྟན་པའི་སླད་དུ་ནི་མ་ལགས་སོ་ཞེས་གསོལ་བ་བཏབ་བོ། །​དེ་ནས་ང་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པའི་དཔལ་དང་གཟི་བརྗིད་དག་གནས་གཙང་མའི་རིས་ཀྱི་ལྷ་རྣམས་ཀྱིས་མཐོང་ངོ་། །​ཁ་དོག་དང་ཚུལ་བཟང་པོ་དང་། ཁ་དོག་དུ་མ་སྣང་བ་དང་། སྐུ་དྲང་པོར་བཞུགས་པ་དང་། བཀྲ་ཤིས་པ་དང་། ཐད་དུ་འགྲོ་བར་འོས་པ་དང་། ཀུན་ནས་མཛེས་པ་དང་། ལེགས་པར་གནས་པ་དང་། འོད་ཀྱི་ཁ་དོག་མཆོག་དང་ལྡན་པ་དང་། བལྟ་ན་སྡུག་པ་དང་། བཀོད་པ་ཁྱད་པར་དུ་འཕགས་པ་དང་། འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པ་དང་། བཀོད་པ་ཡིད་དུ་འོང་བ་དང་། ཡེ་ཤེས་ཀྱི་བདག་ཉིད་ཆེན་པོ་དང་། བལྟ་ན་དཀོན་པ་དང་། གཟི་བྱིན་མཐའ་ཡས་པ་དང་། སྙན་པར་གྲགས་པ་དང་། མཁྱེན་བཞིན་དུ་ཁ་དོག་མཛེས་པར་སྣང་བ་དག་ཀྱང་མཐོང་ནས། དེའི་ཚེ་སྤྱན་སྔར་འཁོད་དེ་ཞེ་ས་དང་བཅས་པས་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །​བདུད་བཏུལ་ཉོན་མོངས་པ་དག་རྣམ་བཅོམ་ཞིང་། །​སྟོང་གསུམ་པོ་ཡི་ས་གཞི་གཡོ་མཛད་ལ། །​ངན་སོང་ས་ཡི་སྡུག་བསྔལ་སྤངས་ནས་ཀྱང་། །​བྱང་ཆུབ་ཤིང་དྲུང་བཞུགས་པ་ཀུན་དུ་མཛེས། །​ལྷུན་པོ་རི་དང་འདྲ་བར་མི་གཡོ་བར། །​དྲང་པོའི་སྐུ་ཡིས་བདེ་བར་བཞུགས་མཛད་ལ། །​ཞིང་རྣམས་ཀུན་དུ་འོད་ཟེར་འགྱེད་མཛད་པ། །​མགོན་པོ་ཤིང་དབང་དྲུང་ན་ལྷང་ངེར་བཞུགས། །​སྐྱིལ་མོ་ཀྲུང་མཆོག་མཉམ་གཞག་དབང་པོ་ཡིས། །​སེང་གེ་ལྟ་བུར་མི་གཡོ་བཞུགས་མཛད་ཅིང་། །​གོང་ན་མེད་པར་བདག་ཉིད་གཟིགས་པ་ན། །​མགོན་པོ་རྒྱལ་བའི་གདན་ལ་ལྷང་ངེར་བཞུགས། །​ངན་སོང་སྲོག་ཆགས་སྡུག་བསྔལ་ཞི་མཛད་ཅིང་། །​མཐོ་རིས་ལམ་དག་རྒྱ་ཆེར་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14042#UT22084-045-001-14042