Degé Kangyur volume 45, F.94.a

པ་དེ་ནི་བསམ་གཏན་གྱིའོ། །​བསྟན་པ་དང་བྲལ་བར་དགའ་ཞིང་དང་བ་ཙམ་གྱིས་མཐར་གྱིས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་བསྟན་པ་རྣམ་པར་དབྱེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་རིང་བསྲེལ་རྣམ་པར་དབྱེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། རིང་བསྲེལ་རྣམས་ལ་ཡོ་བྱད་ཀྱིས་མཆོད་པ་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའིའོ། །​སྐྱེ་བོ་མང་པོ་དད་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​རིང་བསྲེལ་གྱི་མཆོད་རྟེན་གཟི་བྱིན་ཅན་གང་ཡིན་པ་དེ་ནི་བཟོད་པའིའོ། །ལྷ་དང་མི་རྣམས་དགའ་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​རིང་བསྲེལ་གྱི་དམིགས་པ་ལས་སངས་རྒྱས་རྗེས་སུ་དྲན་པ་རབ་ཏུ་ཐོབ་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​རིང་བསྲེལ་ཚོལ་བས་སྤོབས་པ་ཡོངས་སུ་མ་ཉམས་པ་ཐོབ་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟེ། འདི་དག་ནི་རིང་བསྲེལ་རྣམ་པར་དབྱེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་དག་ལས་ཕ་རོལ་ཏུ་ཕྱིན་པ་ཉིས་སྟོང་ཆིག་བརྒྱ་ནི་འདོད་ཆགས་སྤྱོད་པ་རྣམས་ལ་ཆོས་སྟོན་པའོ། །​ཕ་རོལ་ཏུ་ཕྱིན་པ་ཉིས་སྟོང་ཆིག་བརྒྱ་ནི་ཞེ་སྡང་སྤྱོད་པ་རྣམས་ལ་ཆོས་སྟོན་པའོ། །ཕ་རོལ་ཏུ་ཕྱིན་པ་ཉིས་སྟོང་ཆིག་བརྒྱ་ནི་གཏི་མུག་སྤྱོད་པ་རྣམས་ལ་ཆོས་སྟོན་པའོ། །​ཕ་རོལ་ཏུ་ཕྱིན་པ་ཉིས་སྟོང་ཆིག་བརྒྱ་ནི་ཆ་མཉམ་པར་སྤྱོད་པ་རྣམས་ལ་ཆོས་སྟོན་པ་སྟེ། དེ་དག་ནི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་བཞི་བརྒྱའོ། །​དེ་དག་གི་ཏིང་ངེ་འཛིན་ཀྱང་བརྒྱད་སྟོང་བཞི་བརྒྱའོ། །​དེ་དག་གི་རྣམ་པ་ལ་འཇུག་པ་ཡང་སྟོང་སྟོང་སྟེ། རྣམ་པ་བརྒྱ་བརྒྱ་པོ་རེ་རེའི་སྟོང་སྟོང་པོ་དེས་ན་དེ་དག་ནི་ཕ་རོལ་ཏུ་ཕྱིན་པ་བརྒྱད་ཁྲི་བཞི་སྟོང་ཞེས་བྱའོ། །​དེ་དག་གི་ཏིང་ངེ་འཛིན་བརྒྱད་ཁྲི་བཞི་སྟོང་སྒྲུབ་པར་བྱེད་པ་ནི་བདག་ལ་ཕན་པར་བརྩོན་པ་ཞེས་བྱའོ། །​གཟུངས་བརྒྱད་ཁྲི་བཞི་སྟོང་ནི་གཞན་ལ་ཕན་པར་བརྩོན་པ་སྟེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱིར་དེ་ནི་སངས་རྒྱས་ཀྱི་བྱང་ཆུབ་བོ། །​མཆོག་ཏུ་དགའ་བའི་རྒྱལ་པོ་ངས་བྱང་ཆུབ་ཀྱི་སྙིང་པོར་བདུད་བཏུལ་ཏེ། བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14041#UT22084-045-001-14041