Degé Kangyur volume 45, F.92.b

དང་། མ་འོངས་པ་མཐོང་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​ད་ལྟར་བྱུང་བ་ལ་མཉམ་པ་ཉིད་དུ་མཐོང་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​ཐམས་ཅད་དུ་རྒྱུ་བར་མཐོང་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་སེམས་ཀྱི་རྣམ་གྲངས་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་སྔོན་གྱི་གནས་མཐོང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྔོན་གྱི་གནས་ན་བདེན་པའི་དམིགས་པ་མཐོང་བ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​སྐྱེ་བ་ལ་རྟོག་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​འགྲོ་བར་འཇུག་པ་མེད་པ་ལ་རྟོག་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །དེ་ལྟ་བུ་ལ་རྟོག་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​དེ་ལྟར་བདག་མེད་པར་མཐོང་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​རྣམ་པས་ལུང་འབོགས་པར་མཐོང་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་སྔོན་གྱི་གནས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་རྫུ་འཕྲུལ་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། རྫུ་འཕྲུལ་གྱི་ཤུགས་རབ་ཏུ་ཐོབ་པ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​དམིགས་པ་ཐ་དད་པ་མེད་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​སེམས་ཅན་རྣམས་ལ་སྙིང་རྗེས་རྣམ་པར་འཕྲུལ་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​ཐམས་ཅད་དུ་ཐོགས་པ་མེད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​ཡིད་ཀྱི་ལས་མི་ལྡོག་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​ཟིལ་གྱིས་མ་ནོན་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་རྫུ་འཕྲུལ་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་ཟག་པ་ཟད་པར་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཟག་པར་མཐོང་བ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​ཟག་པ་ཀུན་འབྱུང་བར་མཐོང་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​ཟག་པ་འགོག་པར་མཐོང་བ་གང་ཡིན་པ་དེ་ནི་བཟོད་པའིའོ། །​ཟག་པ་འགོག་པར་འགྱུར་བའི་ལམ་མཐོང་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​འདི་ཉིད་དུ་ཟག་པ་བཅུ་མ་ལུས་པར་འགོག་པར་ལྟ་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​འདི་ཉིད་དུ་ཟག་པ་བཅོམ་ནས་མི་སྣང་བར་འགྱུར་བ་གང་ཡིན་པ་དང་། དེ་ལྟར་མཐོང་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ཟག་པ་ཟད་པ་ཤེས་པའི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14038#UT22084-045-001-14038