Degé Kangyur volume 45, F.93.a

ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་སྤྱོད་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། །​སྐྱེ་བོ་མང་པོ་དད་པར་བྱེད་པའི་སྤྱོད་ལམ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​ཀུན་ནས་མཛེས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​རྒྱུན་མི་འཆད་པར་བལྟས་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​གོམ་པ་འདོར་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​སྤྱོད་ལམ་མ་ཉམས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​སྤྱོད་ལམ་མ་བཅོས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་སྤྱོད་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་ཕན་པར་འདོད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྤྱོད་པ་ཡང་བར་ཟང་ཟིང་ལེན་པ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​སེམས་ཅན་མ་རུངས་པ་དག་ལ་སྐྱབས་བྱེད་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​མུ་སྟེགས་ཅན་རྣམས་ཀྱི་གནོད་པ་བཟོད་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​འདི་ལྟར་གདུལ་བའི་ཕྱིར་དགའ་བོ་ལྷའི་ནང་དུ་སོན་པ་དང་། འདི་ལྟར་པད་མའི་སྙིང་པོའི་ལྟ་བུ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​གདུལ་བའི་ཕྱིར་བཟང་བརྩམས་སྒོམ་པ་ལྟ་བུ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​འདི་ལྟར་ལྔ་པོའི་ནང་ནས་ཀུན་ཤེས་སྙིང་རྗེས་ཉེ་བར་འོངས་ཏེ་ཆོས་བསྟན་པ་དང་། འདི་ལྟར་བདེན་པ་པོའི་ལྟ་བུ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ཕན་པར་འདོད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་ཉོན་མོངས་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཉོན་མོངས་པས་ཡོངས་སུ་སྐྱོ་བ་མེད་པ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​དབང་རབ་ཏུ་ཐོབ་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​གནོད་སེམས་མེད་པར་གནས་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​མོས་པ་ལ་ཡོན་སྦྱོང་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​མངོན་པར་ཞེན་པ་མེད་པར་རྟག་ཏུ་སྦྱོར་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​ཇི་ལྟར་འདོད་པ་བཞིན་གནས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ཉོན་མོངས་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་ཚེའི་འདུ་བྱེད་འདོར་བ་ལ་དབང་སྒྱུར་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཚེ་འདོར་བ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14039#UT22084-045-001-14039