Degé Kangyur volume 45, F.92.a
དམ་པའི་ཆོས་མ་ནུབ་ཀྱི་བར་དུ་ཆོས་ཐམས་ཅད་གནས་པ་དང་བསྟན་པ་ལ་ཟང་ཟིང་གིས་མཆོད་པ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །བསྟན་པ་ལ་ཟིལ་གྱིས་མ་ནོན་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །འཇིག་རྟེན་གྱི་རིགས་བཞི་དད་པར་བྱེད་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །མངོན་པར་བརྩོན་པ་འབྲས་བུ་དང་བཅས་པར་རྩོལ་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །བསམ་པ་དེས་པས་ཆོས་མངོན་པར་རྟོགས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །འཇིག་རྟེན་གྱི་ཆོས་ཐམས་ཅད་ཡོངས་སུ་ཤེས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟེ། འདི་དག་ནི་བྱིན་གྱི་རླབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་ལྷའི་མིག་སྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ལྷའི་མིག་གིས་གཟུགས་ཅན་མཐོང་བ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །གཟུགས་ཅན་མ་ཡིན་པ་མཐོང་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །སྒྲོ་བཏགས་པ་མེད་པ་མཐོང་བ་གང་ཡིན་པ་དེ་ནི་བཟོད་པའིའོ། །འཁོར་བའི་ཉེས་དམིགས་མཐོང་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །ངེས་པར་འབྱུང་བ་མཐོང་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །ཉེ་བར་ཞི་བ་མཐོང་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ལྷའི་མིག་སྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་ལྷའི་རྣ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྒྲ་ཆེ་བ་ཉན་པ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །སྒྲ་ཆུང་བ་ཉན་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །བྱམས་པ་ཐམས་ཅད་ཡོངས་སུ་རྫོགས་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །ཐབས་ཀྱི་ཚིག་སྦྱིན་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །འདུ་བྱེད་རྣམས་ཐོས་ནས་ཀུན་དུ་འཛིན་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །སྒྲ་ཐམས་ཅད་དཔྱོད་པ་ལ་འཇུག་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ལྷའི་རྣ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་སེམས་ཀྱི་རྣམ་གྲངས་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སེམས་ཀྱི་རང་བཞིན་མཐོང་བ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །སེམས་ལ་དགེ་བ་དང་མི་དགེ་བར་མཐོང་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །སེམས་ཀྱི་རྒྱུ་དང་རྐྱེན་མཐོང་བ་གང་ཡིན་པ་དེ་ནི་བཟོད་པའིའོ། །འདས་པ་དང་།
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14037#UT22084-045-001-14037