Degé Kangyur volume 45, F.91.b

ལྷག་པའི་བསམ་པས་ཞུགས་པའི་སྦྱོར་བ་ནི་དཔེར་ན་ངང་པའི་སྐྱེས་པའི་རབས་ལྟ་བུ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་གང་ཡིན་པ་དེ་ནི་བཟོད་པའིའོ། །​ཤེས་པ་ཐམས་ཅད་རྣམ་པར་དཔྱོད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​གཞན་གྱིས་བསྒྲགས་པ་ལས་བརྟེན་ནས་སྙོམས་པར་འཇུག་པ་རྟོགས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​འཁོར་བ་ན་ཡོངས་སུ་སྐྱོ་བ་མེད་པའི་ཤེས་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་ཟད་པ་ཤེས་པས་རབ་ཏུ་ཕྱེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཟད་པ་ཤེས་པ་ལ་ཐོགས་པ་མེད་པར་སྦྱོར་བ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​སྦྱོར་བ་ཆ་ཕྲ་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​མཚན་ཉིད་མེད་པ་ལ་སྦྱོར་བ་གང་ཡིན་པ་དེ་ནི་བཟོད་པའིའོ། །​ཡོངས་སུ་གཅོད་པའི་དམིགས་པ་ལ་སྦྱོར་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​མི་ལྟ་བར་སྦྱོར་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​མི་ཤེས་པ་ཐམས་ཅད་དང་བྲལ་ཞིང་ཤེས་པ་ཐམས་ཅད་རབ་ཏུ་ཐོབ་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ཟད་པ་ཤེས་པས་རབ་ཏུ་ཕྱེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་མི་སྐྱེ་བ་ཤེས་པས་རབ་ཏུ་ཕྱེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྲེད་པའི་རྩ་བ་དགུ་པོ་དག་མི་སྐྱེ་བར་ཤེས་པ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​གནོད་སེམས་ཀྱི་དངོས་པོ་དགུ་མི་སྐྱེ་བར་ཤེས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​འཇིག་རྟེན་གྱི་ཆོས་ཀྱིས་མ་གཏུགས་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​རྣམ་པར་ཐར་པ་ཡོངས་སུ་མ་ཉམས་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​མི་སློབ་པའི་ཤེས་པ་བཅུ་པོ་དག་མཐོང་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​ཡོངས་སུ་གཅོད་པར་འགྱུར་བ་མེད་པར་མཐོང་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་མི་སྐྱེ་བ་ཤེས་པས་རབ་ཏུ་ཕྱེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་བྱིན་གྱི་རླབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། དམ་པའི་ཆོས་མ་ནུབ་ཀྱི་བར་དུ་ཆོས་ཐམས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14036#UT22084-045-001-14036