Degé Kangyur volume 45, F.91.a

ཕ་རོལ་ཏུ་ཕྱིན་པའི་སྟེ། འདི་དག་ནི་ལན་ཅིག་ཕྱིར་འོང་བའི་ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་ཕྱིར་མི་འོང་བའི་ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། འདོད་པ་ན་སྤྱོད་པའི་འདོད་ཆགས་སྤོང་བ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​མི་ལྟ་བའི་སེམས་དང་དེའི་ངོ་བོ་མ་ཡིན་པ་དང་ཕྱིར་མི་འོང་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​སྲིད་པ་བཟང་པོར་སྐྱེ་བ་གང་ཡིན་པ་དེ་ནི་བཟོད་པའིའོ། །​ཤིན་ཏུ་མཐོང་བར་སྐྱེ་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​འོག་མིན་དུ་སྐྱེ་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​སྐྱེས་བུ་དམ་པའི་འགྲོ་བ་དྲུག་གི་ཤེས་པ་ཐག་རིང་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟེ། འདི་དག་ནི་ཕྱིར་མི་འོང་བའི་ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་དགྲ་བཅོམ་པའི་ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། དགྲ་བཅོམ་པ་ཡོངས་སུ་ཉམས་པའི་ཆོས་ལ་རྟོག་པ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །ཡོངས་སུ་ཉམས་པ་མེད་པའི་ཆོས་ལ་རྟོག་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​དད་པས་མོས་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​ཤེས་རབ་ཀྱིས་རྣམ་པར་གྲོལ་བ་ལ་རྟོག་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​ལུས་ཀྱིས་མངོན་དུ་བྱེད་པ་ལ་རྟོག་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​གཉི་གའི་ཆ་ལས་རྣམ་པར་གྲོལ་བ་ལ་རྟོག་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟེ། འདི་དག་ནི་དགྲ་བཅོམ་པའི་ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་རང་སངས་རྒྱས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། རང་སངས་རྒྱས་ལ་ཡིད་བྱུང་བ་ཆུང་བར་མཐོང་བ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​ཡིད་བྱུང་ནས་འབྱོལ་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​གཅིག་པུ་ལ་དགའ་བ་གང་ཡིན་པ་དེ་ནི་བཟོད་པའིའོ། །​ཐར་པ་ལ་དགའ་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​ཞི་གནས་ལ་གནས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​གཅིག་པུ་སྤོབས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་རང་སངས་རྒྱས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། གཡོ་མེད་པར་སྦྱིན་པ་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའིའོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14035#UT22084-045-001-14035