Degé Kangyur volume 45, F.87.b

པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​ཆོས་ལྟ་བ་མི་འདོར་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​ཡིག་འབྲུ་སྟོན་པ་ཟད་མི་ཤེས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​དོན་མ་གཏུགས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་བརྩོན་འགྲུས་ཡོངས་སུ་ཉམས་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་དྲན་པ་ཡོངས་སུ་ཉམས་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། དྲན་པ་ལ་རྙོག་པ་མེད་པའི་དྲན་པ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​ཐག་རིང་པོ་དྲན་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​རིགས་པ་ཇི་ལྟ་བ་བཞིན་དྲན་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །མོས་པ་ཇི་ལྟ་བ་བཞིན་དྲན་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​འཇུག་པར་བྱེད་པའི་དྲན་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​ཡོངས་སུ་གཅོད་པའི་དྲན་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་དྲན་པ་ཡོངས་སུ་ཉམས་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་ཏིང་ངེ་འཛིན་ཡོངས་སུ་ཉམས་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཚད་མེད་པ་ཡོངས་སུ་འཛིན་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​ཡང་དག་པའི་སྤོང་བ་ཡོངས་སུ་འཛིན་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​དྲན་པ་ཉེ་བར་གཞག་པ་ཡོངས་སུ་འཛིན་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་བཟོད་པའིའོ། །​རྫུ་འཕྲུལ་གྱི་རྐང་པ་ཡོངས་སུ་འཛིན་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​བསམ་གཏན་ཡོངས་སུ་འཛིན་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​བདེན་པ་ཡོངས་སུ་འཛིན་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ཏིང་ངེ་འཛིན་ཡོངས་སུ་ཉམས་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་ཤེས་རབ་ཡོངས་སུ་ཉམས་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། དབང་པོ་ཡོངས་སུ་འཛིན་པའི་ཤེས་རབ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​སྟོབས་ཡོངས་སུ་འཛིན་པའི་ཤེས་རབ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​བྱང་ཆུབ་ཀྱི་ཡན་ལག་ཡོངས་སུ་འཛིན་པའི་ཤེས་རབ་གང་ཡིན་པ་དེ་ནི་བཟོད་པའིའོ། །​ལམ་ཡོངས་སུ་འཛིན་པའི་ཤེས་རབ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​རྟེན་ཅིང་འབྲེལ་པར་འབྱུང་བ་ཡོངས་སུ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14028#UT22084-045-001-14028