Degé Kangyur volume 45, F.88.a
།རྟེན་ཅིང་འབྲེལ་པར་འབྱུང་བ་ཡོངས་སུ་འཛིན་པའི་ཤེས་རབ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །སྟོབས་བཅུ་ཡོངས་སུ་འཛིན་པའི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ཤེས་རབ་ཡོངས་སུ་ཉམས་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་རྣམ་པར་གྲོལ་བ་ཡོངས་སུ་ཉམས་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ལུས་ཉམ་ཆུང་བ་ཡོངས་སུ་ཉམས་པ་མེད་པ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །ཚོགས་ཀྱི་ནང་ན་གནས་པས་ཡོངས་སུ་ཉམས་པ་མེད་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །མ་འདྲེས་པར་གནས་པས་ཡོངས་སུ་ཉམས་པ་མེད་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །གཞན་གྱི་གནས་ཐོབ་པར་བྱེད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །ཟད་པ་ཤེས་པས་ལེགས་པར་བྱས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །མི་སྐྱེ་བ་ཤེས་པས་བག་ཆགས་དང་བྲལ་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་རྣམ་པར་གྲོལ་བ་ཡོངས་སུ་ཉམས་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཉམས་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བསམ་པ་ཇི་ལྟ་བ་བཞིན་རྣམ་པར་གྲོལ་བ་ཡེ་ཤེས་མཐོང་བ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །སྡོམ་པ་མེད་པར་མཐོང་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །འདོད་པར་འགྱུར་བ་མཐོང་བ་གང་ཡིན་པ་དེ་ནི་བཟོད་པའིའོ། །ས་དང་ས་མ་ཡིན་པའི་འབྲས་བུ་རྣམ་པར་གཞག་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །སྐྱེ་བ་རྣམ་པར་གཞག་པ་ལ་མི་སློབ་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །ཆོས་གོས་ཀྱི་ཐ་མས་ཁྱེར་བ་ན་ཡོངས་སུ་ཉམས་པ་མེད་པའི་ཤེས་རབ་རྣམ་པར་གྲོལ་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་རྣམ་པར་གྲོལ་བ་ཡེ་ཤེས་མཐོང་བ་ཡོངས་སུ་ཉམས་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་ལུས་ཀྱི་ལས་ཡེ་ཤེས་ཀྱི་རྗེས་སུ་འཇུག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ལུས་ཀྱི་ལས་མ་འཁྲུལ་བ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །ལུས་ཀྱི་ལས་ངེས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །བག་ཆགས་ཀྱིས་འགྱུར་བ་མེད་པ་གང་ཡིན་པ་དེ་ནི་བཟོད་པའི་འོ། །
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14029#UT22084-045-001-14029