Degé Kangyur volume 45, F.70.b

དག་ནི་དགེ་བའི་ཆོས་སྐྱེས་པ་རྣམས་ཕྱིར་ཞིང་གནས་པར་བྱ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་རྫུ་འཕྲུལ་གྱི་རྐང་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། དེ་ལ་འདུན་པ་སྤོང་བ་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཡང་གང་ཞེ་ན། འདུན་པ་དེ་སྐྱེ་བ་ལ་ཐོགས་པ་མེད་པ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​འདུན་པ་དེ་མི་གཏོང་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​འདུན་པ་དེ་བརྗོད་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​འདུན་པ་ངེས་པར་བྱུང་བ་འཛིན་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​དེ་ལ་རྟོག་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​འདུན་པ་དེ་ལ་ངེས་པར་ཐོབ་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་འདུན་པ་སྤོང་བ་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་བརྩོན་འགྲུས་སྤོང་བའི་རྫུ་འཕྲུལ་གྱི་རྐང་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཅང་མི་སྨྲ་བས་ཐོབ་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​བརྩོན་འགྲུས་ལ་རེག་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​ཡིད་དུ་འོང་བའི་བརྩོན་འགྲུས་གང་ཡིན་པ་དེ་ནི་བཟོད་པའིའོ། །​ཐོབ་པར་རྩོམ་ཞིང་ངེས་པར་འབྱུང་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​ངེས་པ་ལ་ཆོག་ཤེས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​ཡོངས་སུ་བསྔོ་བ་ཐམས་ཅད་ཀྱི་རྗེས་སུ་སོང་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་བརྩོན་འགྲུས་སྤོང་བའི་རྫུ་འཕྲུལ་གྱི་རྐང་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་སེམས་སྤོང་བའི་རྫུ་འཕྲུལ་གྱི་རྐང་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སེམས་ལ་མཉམ་པ་ཉིད་དུ་རྟོགས་པ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​དེ་ལ་མི་དགའ་བ་མེད་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​སྐྱེ་བ་དང་འཇིག་པ་རྟོགས་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​མཚན་མ་མེད་པ་ཐོབ་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །སེམས་ཀུན་ནས་དཀྲིས་པ་དང་བྲལ་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​བག་ལ་ཉལ་ཀུན་ནས་འཇོམས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་སེམས་སྤོང་བའི་རྫུ་འཕྲུལ་གྱི་རྐང་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་དཔྱོད་པ་སྤོང་བའི་རྫུ་འཕྲུལ་གྱི་རྐང་པའི་ཕ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-13994#UT22084-045-001-13994