Degé Kangyur volume 45, F.70.a

སྐྱེས་པ་རྣམས་མི་བསྐྱེད་པར་བྱ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་སྐྱེས་པ་རྣམས་སྤོང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཉོན་མོངས་པ་སྐྱེས་པའི་སྐྱོན་མཐོང་ནས་འདོར་བ་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའོ། །​དེ་ལ་སྨོན་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​དེ་སྤོང་ཞིང་འབར་བ་མེད་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​ཉོན་མོངས་པ་ཤེས་ཤིང་ཤེས་པས་ཉོན་མོངས་པ་ཟིལ་གྱིས་གནོན་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​གང་ལ་རྟོག་ཅིང་དཔྱོད་པ་དེ་ནི་བསམ་གཏན་གྱིའོ། །​སྤོང་བ་དང་མི་སྐྱེ་བ་ཤེས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་སྐྱེས་པ་རྣམས་སྤོང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་དགེ་བ་མ་སྐྱེས་པ་རྣམས་བསྐྱེད་པར་བྱ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། དགེ་བ་ལ་འདུན་ཅིང་རྨོངས་པ་མེད་པ་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའོ། །​དགེ་བ་ཐོབ་པ་ལ་དགའ་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​སྟོང་པ་ཉིད་ཀྱི་རྣམ་པས་དགེ་བ་ལ་རྟོག་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​ལུས་དང་སེམས་ཀྱིས་ཕ་རོལ་གནོན་པ་ལ་ཐོགས་པ་མེད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​འཐོབ་པ་དང་མཚན་མ་མེད་པར་འཛིན་པ་བརྗེད་པ་མེད་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​འཐོབ་པའི་རྒྱུ་ལ་མི་སྐྱེ་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་དགེ་བ་མ་སྐྱེས་པ་རྣམས་བསྐྱེད་པར་བྱ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་དགེ་བའི་ཆོས་སྐྱེས་པ་རྣམས་ཕྱིར་ཞིང་གནས་པར་བྱ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། དགེ་བ་སྐྱེས་པ་རྣམས་ཆུད་ཟ་བ་མེད་པ་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའོ། །​དེ་དག་ལ་མངོན་པར་དགའ་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​སྦྱོར་བ་ལས་སྡོད་པ་ལས་ངེས་པར་བྱུང་བ་གང་ཡིན་པ་དེ་ནི་བཟོད་པའིའོ། །​ཀུན་ཏུ་བསྲུང་ཞིང་ཀུན་ནས་མ་རྨོངས་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​བསྒོམ་པའི་སྟོབས་ཅན་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​ཡོངས་སུ་བསྔོ་བ་ཐམས་ཅད་ཀྱི་རྗེས་སུ་འཇུག་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-13993#UT22084-045-001-13993