Degé Kangyur volume 45, F.65.a

སྦྱིན་པའི་རྣམ་པར་སྨིན་པའོ། །​བདག་ཉིད་རབ་ཏུ་བྱུང་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​འདུན་པ་ཅན་ལ་བཀའ་སྩལ་ཏེ་བཏང་བ་གང་ཡིན་པ་དེ་ནི་བཟོད་པའིའོ། །​རབ་ཏུ་བྱུང་བ་ལ་བརྟེན་ནས་ཡུལ་ཀ་ཤི་ཀའི་ན་བཟའ་སྤངས་ཏེ། ཆོས་གོས་བཞེས་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​ཐར་པ་ལ་རེག་པར་མཛད་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​ཡུལ་མ་ག་དྷཱའི་བདག་པོ་ཡོངས་སུ་སྨིན་པར་མཛད་པའི་སླད་དུ་གྲོང་ཁྱེར་དུ་གཤེགས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་དུས་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་རྣམ་པར་དབྱེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཐུགས་བརྩེ་བའི་སླད་དུ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་གཤེགས་པ་གང་ཡིན་པ་དེ་ནི་སྦྱིན་པའི་རྣམ་པར་སྨིན་པའོ། །​ལྷ་རྣམས་ལ་ཆོས་སྟོན་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​རྒྱལ་པོའི་ཁབ་ཏུ་གཤེགས་ནས་རི་ལ་བཞུགས་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​སྐུ་དྲང་པོར་བཞུགས་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​བསམ་གཏན་ལ་དགོངས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་རྣམ་པར་དབྱེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་འཇིག་རྟེན་དང་འཐུན་པར་འཇུག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སློངས་མོ་ལ་གཤེགས་པ་གང་ཡིན་པ་དེ་ནི་སྦྱིན་པའི་རྣམ་པར་སྨིན་པའོ། །​སྒྱུ་རྩལ་ཤེས་ཀྱི་བུ་རིང་དུ་འཕུར་དང་རངས་བྱེད་ཀྱི་བུ་ལྷག་སྤྱོད་ཀྱི་ཐད་དུ་གཤེགས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​འདི་ནི་ལམ་མ་ཡིན་ནོ་ཞེས་སྤངས་ནས་གཤེགས་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །ལོ་དྲུག་ཏུ་བཞུགས་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​མཁའ་ཁྱབ་ཀྱི་བསམ་གཏན་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​མི་སྤྱོད་སྙམ་ནས་ཞལ་ཟས་གསོལ་ཏེ། བྱང་ཆུབ་ཀྱི་སྙིང་པོར་བཞུད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-13983#UT22084-045-001-13983