Degé Kangyur volume 45, F.65.b

འདི་དག་ནི་འཇིག་རྟེན་དང་འཐུན་པར་འཇུག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་རྟོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བདུད་འདུལ་བ་གང་ཡིན་པ་དེ་ནི་སྦྱིན་པའི་རྣམ་པར་སྨིན་པའོ། །​སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་ལ་བདེ་བར་བྱེད་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​སེམས་ཅན་ཐམས་ཅད་ལ་དམིགས་ཤིང་དམ་བཅས་པ་མི་འདྲལ་བ་གང་ཡིན་པ་དེ་ནི་བཟོད་པའིའོ། །​སྟོང་གསུམ་ལ་སྒྲིབ་པ་མེད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​བསམ་གཏན་བཞི་ལ་སྙོམས་པར་འཇུག་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​རིག་པ་གསུམ་རྗེས་སུ་འཐོབ་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་རྟོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་སྤོང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སེར་སྐྱའི་གནས་ན་ལོར་ཉེ་བར་སྙེན་པ་གང་ཡིན་པ་དེ་ནི་སྤོང་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །​འགོག་པ་ལ་བརྩོན་ཞིང་ཁམས་གསུམ་ལ་མི་གནས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​མི་སྐྱེ་བ་ལ་དམིགས་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​སེམས་ཅན་ལ་བལྟ་བའི་སྙིང་རྗེ་དང་སྤྱོད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​སྐྱོན་སྤོང་བ་ངེས་པར་འབྱེད་པའི་ཆ་དང་འཐུན་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​ཡན་ལག་བརྒྱད་རབ་ཏུ་ཐོབ་ཅིང་མ་འབགས་ལ་ནག་ནོག་མེད་པའི་ཚུལ་ཁྲིམས་ཅན་འདོད་ཆགས་སྤོང་བའི་ཕྱིར་དང་། མ་རིག་པ་གཞོམ་པའི་ཕྱིར་རིག་པ་སྐྱེད་ཅིང་ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པ་སྤོང་བ་ཆེན་པོ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་སྤོང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་རྡོ་རྗེ་ལྟ་བུའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བསྒྲུབ་པ་ཐོབ་པ་གང་ཡིན་པ་དེ་ནི་སྦྱིན་པའི་རྣམ་པར་སྨིན་པའོ། །དམིགས་པ་མི་འདོར་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​ཕྱིན་ཅི་མ་ལོག་པར་འཛིན་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​ཐམས་ཅད་དུ་འཐུན་པར་འཇུག་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​རང་གི་ཡོན་ཏན་ཤེས་ནས་བག་ཆགས་ཀྱི་མཚམས་སྦྱོར་བ་སྤོང་བ་གང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-13984#UT22084-045-001-13984