Degé Kangyur volume 45, F.64.b
།གཡས་སུ་འཁྱིལ་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །རྡུལ་གྱིས་མ་གོས་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །སྤྱི་གཙུག་བལྟར་མི་མངོན་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །རྟག་ཏུ་བལྟ་བར་བྱ་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །ཆར་དང་རླུང་གིས་མི་ཤིགས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའི་དབུ་གཙུག་ཏོར་དང་ལྡན་པ་བསྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་བྱང་ཆུབ་སེམས་དཔའི་མངོན་པར་འབྱུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བར་ཆད་མེད་པར་འབྱུང་བ་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའོ། །ཤིན་ཏུ་དུལ་བར་གཤེགས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །ལྷ་མཐའ་ཡས་པ་དག་ཉེ་བར་འོང་བ་གང་ཡིན་པ་དེ་ནི་བཟོད་པའིའོ། །གནོད་སྦྱིན་དག་གིས་སྒོ་གདངས་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །ནམ་མཁའ་ལ་སྤྱན་དྲངས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །སྐྱེ་བོ་མཛའ་བ་ཐམས་ཅད་ལ་མི་ལྟ་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའི་མངོན་པར་འབྱུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་བྱང་ཆུབ་སེམས་དཔའི་དུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཚལ་མེ་ཏོག་རྒྱས་པའི་དུས་སུ་གཤེགས་པ་གང་ཡིན་པ་དེ་ནི་སྦྱིན་པའི་རྣམ་པར་སྨིན་པའོ། །དུས་ཚིགས་ཀྱི་མཆོག་ཏུ་ཕྱིན་པའི་ཚེ་གཤེགས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །རྒྱུ་སྐར་བཟང་པོ་དང་ལྡན་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །སྙོམས་པར་གཤེགས་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །ངན་སོང་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །ངན་སོང་དུ་སོང་བའི་སེམས་ཅན་ཐམས་ཅད་སྣང་བར་བྱས་ནས་གཅིག་ལ་གཅིག་སྨྲ་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་དུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་དུས་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། གཉིད་ལོག་པ་ན་ཐུན་ཐ་མ་ལ་རབ་ཏུ་བྱུང་སྟེ། གཤེགས་པ་གང་ཡིན་པ་དེ་ནི་སྦྱིན་པའི་རྣམ་པར་སྨིན་པའོ།
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-13982#UT22084-045-001-13982