Degé Kangyur volume 45, F.51.b

ཚོགས་པར་བྱེད་པའི་སྦྱིན་པའོ། །​ཐར་བར་ཡོངས་སུ་བསྔོས་ཤིང་ཉོན་མོངས་པ་ཟད་པར་བྱ་བ་དང་། སངས་རྒྱས་འབྱུང་བར་འགྱུར་བའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །​སྟོན་པ་མངོན་སུམ་དུ་གྱུར་པ་ན་སྦྱངས་པའི་ཡོན་ཏན་ལ་སྐྱོ་བ་མེད་པར་འགྱུར་བའི་བཟོད་པ་ནི་དཔེར་ན་འོད་སྲུང་ཆེན་པོའི་ལྟ་བུ་གང་ཡིན་པ་དེ་ནི་བཟོད་པའོ། །​སྨོན་ལམ་དང་ལྡན་པའི་བརྩོན་འགྲུས་ནི་དཔེར་ན་རྒྱལ་པོ་བསོད་ནམས་འཕགས་ཀྱི་ལྟ་བུ་གང་ཡིན་པ་དེ་ནི་བརྩོན་འགྲུས་སོ། །​སངས་རྒྱས་རྗེས་སུ་དྲན་པ་ལ་དམིགས་པའི་བསམ་གཏན་གང་ཡིན་པ་དེ་ནི་བསམ་གཏན་ནོ། །​ངེས་པར་འབྱེད་པས་ཡོངས་སུ་བསྔོས་པའི་ཤེས་རབ་ནི་དཔེར་ན། སངས་རྒྱས་འོད་སྲུང་གི་ཚེ་ལྔ་པོ་དག་གི་ལྟ་བུ་གང་ཡིན་པ་དེ་ནི་ཤེས་རབ་སྟེ། འདི་དག་ནི་སངས་རྒྱས་འབྱུང་བ་ཕུན་སུམ་ཚོགས་པར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་དྲན་པ་ཉམས་པ་མེད་པར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། གཞན་གྱི་བསམ་པ་ཇི་ལྟ་བ་བཞིན་སྦྱིན་པ་གང་ཡིན་པ་དེ་ནི་སྦྱིན་པའོ། །​ལུས་དང་ངག་ཡོངས་སུ་བསྲུང་བ་ཉེ་བར་བསྒྲུབ་པ་ལ་བརྩོན་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ཚུལ་ཁྲིམས་སོ། །​དམ་པའི་ཆོས་ནུབ་པའི་དུས་སུ་ཡི་དམ་ལ་བརྟན་པ་ཟབ་མོ་ལ་བཟོད་པ་ལས་ངེས་པར་འབྱུང་བའི་བཟོད་པ་གང་ཡིན་པ་དེ་ནི་བཟོད་པའོ། །​ཉེ་བར་བསྒྲུབ་པ་ལ་བརྩོན་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་བརྩོན་འགྲུས་སོ། །​སྟོང་པ་ཉིད་ཀྱི་རྣམ་པས་ཡོངས་སུ་བཟུང་བའི་བསམ་གཏན་གང་ཡིན་པ་དེ་ནི་བསམ་གཏན་ནོ། །​ཡིད་མི་བདེ་བས་རབ་ཏུ་ཕྱེ་བའི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་རབ་སྟེ། འདི་དག་ནི་དྲན་པ་ཉམས་པ་མེད་པར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་སངས་རྒྱས་འབྱུང་བ་རབ་ཏུ་འཐོབ་པ་ཁྱིམ་གྱི་དངོས་པོ་ལ་གནས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཡན་ལག་ལྔ་ཕུན་སུམ་ཚོགས་པའི་སྦྱིན་པ་སྟེ་ལྔ་གང་ཞེ་ན། སྟན་ཕུན་སུམ་ཚོགས་པ་དང་། ཡུལ་ཕུན་སུམ་ཚོགས་པ་དང་། འཁོར་ཕུན་སུམ་ཚོགས་པ་དང་། འདོད་པར་བྱ་བ་ཕུན་སུམ་ཚོགས་པ་དང་། ཆགས་པར་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-13956#UT22084-045-001-13956