Degé Kangyur volume 45, F.52.a

བྱ་བ་ཕུན་སུམ་ཚོགས་པ་གང་ཡིན་པ་དེ་ནི་སྦྱིན་པའོ། །​མངོན་པར་ཞེན་པ་མེད་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ཚུལ་ཁྲིམས་སོ། །​སེམས་ཅན་དུ་འདུ་ཤེས་པ་སྤངས་པའི་བཟོད་པ་གང་ཡིན་པ་དེ་ནི་བཟོད་པའོ། །​མཉམ་པ་ཉིད་དུ་མཐོང་བའི་བརྩོན་འགྲུས་གང་ཡིན་པ་དེ་ནི་བརྩོན་འགྲུས་སོ། །​མཉམ་པ་ཉིད་དུ་རྟོགས་པའི་སེམས་སྨོན་པ་མེད་པ་ལ་དམིགས་པའི་བསམ་གཏན་གང་ཡིན་པ་དེ་ནི་བསམ་གཏན་ནོ། །​འཕགས་པའི་བདེན་པའི་ཚུལ་གྱིས་ངེས་པར་འབྱུང་བའི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་རབ་སྟེ། འདི་དག་ནི་སངས་རྒྱས་འབྱུང་བ་རབ་ཏུ་འཐོབ་པ་ཁྱིམ་གྱི་དངོས་པོ་ལ་གནས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་ངེས་པར་འབྱུང་བ་བསྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཟག་པ་མེད་པའི་སྦྱིན་པ་དང་ལྡན་པ་མ་ཡིན་པའི་སེམས་ཀྱི་སྦྱིན་པ་གང་ཡིན་པ་དེ་ནི་སྦྱིན་པའོ། །​མྱ་ངན་ལས་འདས་པ་དང་ལྡན་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ཚུལ་ཁྲིམས་སོ། །​ཁམས་གསུམ་གྱིས་ཡིད་བྱུང་བའི་བཟོད་པ་གང་ཡིན་པ་དེ་ནི་བཟོད་པའོ། །​དྲན་པ་ཉེ་བར་གཞག་པ་ལས་ངེས་པར་བྱུང་བའི་བརྩོན་འགྲུས་གང་ཡིན་པ་དེ་ནི་བརྩོན་འགྲུས་སོ། །​བྱམས་པ་ལ་གནས་ཤིང་སྲིད་པ་ལ་སྨོད་པར་གནས་པའི་བསམ་གཏན་གང་ཡིན་པ་དེ་ནི་བསམ་གཏན་ནོ། །​ཡིད་མི་བདེ་བས་རབ་ཏུ་ཕྱེ་བའི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་རབ་སྟེ། འདི་དག་ནི་ངེས་པར་འབྱུང་བ་བསྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་མང་དུ་ཐོས་པ་བསྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། གདམས་ངག་དང་ལྡན་པའི་སྦྱིན་པ་གང་ཡིན་པ་དེ་ནི་སྦྱིན་པའོ། །​ཆོས་ཡོངས་སུ་གཟུང་བའི་དོན་དུ་ལུས་དང་སྲོག་གཏོང་བའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ཚུལ་ཁྲིམས་སོ། །​དམ་པའི་ཆོས་ནུབ་པའི་དུས་ཀྱི་ཚེ་ཆོས་ཡོངས་སུ་གཟུང་བའི་དོན་དུ་གང་བྱང་ཆུབ་སེམས་དཔའ་བདག་ཉིད་ཡོངས་སུ་གཏོང་བའི་བཟོད་པ་གང་ཡིན་པ་དེ་ནི་བཟོད་པའོ། །​གཟུངས་དང་ལྡན་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་བརྩོན་འགྲུས་སོ། །​རྟེན་ཅིང་འབྲེལ་པར་འབྱུང་བས་རབ་ཏུ་ཕྱེ་བའི་བསམ་གཏན་གང་ཡིན་པ་དེ་ནི་བསམ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-13957#UT22084-045-001-13957