Degé Kangyur volume 45, F.51.a

ཡོངས་སུ་བསྔོས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །​བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པས་ལྷའི་མིག་དང་། སྔོན་གྱི་གནས་རིག་པ་འཐོབ་པར་འགྱུར་བའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་རིག་པ་ཡོངས་སུ་བསྔོས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །​ཟག་པ་ཟད་པར་བྱེད་པ་སངས་རྒྱས་ཀྱི་སྤྱན་འཐོབ་པར་འགྱུར་ལ་རྟག་ཏུ་ཆོས་ཐམས་ཅད་མངོན་དུ་སྣང་བར་འགྱུར་བའི་ཤེས་རབ་གང་ཡིན་པ་དེ་ནི་རིག་པ་ཡོངས་སུ་བསྔོས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའི་རིག་པ་ཡོངས་སུ་བསྔོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་རིག་པའི་ཁྱད་པར་ལ་གནས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། གང་གིས་དམ་པའི་ཆོས་གནས་པར་བྱེད་ཅིང་བསྟན་པ་ལ་འཇུག་པའི་ཆོས་གནས་པ་གང་ཡིན་པ་དེ་ནི་རིག་པའི་ཁྱད་པར་ལ་གནས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །​གང་ན་དེ་བཞིན་གཤེགས་པ་བག་ཆགས་ཀྱི་མཚམས་སྦྱོར་བ་དང་བྲལ་བ། ཐ་ན་ལུས་ཀྱི་རྣམ་པར་རྟོག་པ་དང་ངག་གི་རྣམ་པར་རྟོག་པ་མེད་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་སོ། །​འཇིག་རྟེན་པའི་ཆོས་ལ་རྟོག་པ་མེད་པ་གང་ཡིན་པ་དེ་ནི་བཟོད་པའོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཟིལ་གྱིས་མ་ནོན་པས་མྱ་ངན་ལས་འདས་པ་ཇི་སྲིད་པར་དུས་ཐམས་ཅད་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་བརྩོན་འགྲུས་སོ། །​སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྣམ་གྲངས་ཤེས་ཤིང་སྒྲ་ལ་རྟོག་པ་གང་ཡིན་པ་དེ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །​དུས་ཤེས་པ་ལས་མི་འདའ་ཞིང་བདག་ཡོངས་སུ་གྲོལ་བར་བྱེད་པའི་ཤེས་རབ་གང་ཡིན་པ་དེ་ནི་རིག་པའི་ཁྱད་པར་ལ་གནས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་དག་ནི་རིག་པའི་ཁྱད་པར་ལ་གནས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་སངས་རྒྱས་འབྱུང་བ་ཕུན་སུམ་ཚོགས་པར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སངས་རྒྱས་འབྱུང་བའི་དུས་ན་ལོངས་སྤྱོད་ཆེན་པོར་འགྱུར་ཞིང་ཚད་མེད་པ་གཟུང་བའི་ཕྱིར། གང་འཕགས་པ་རྣམས་ལ་སྦྱིན་པ་བྱིན་པ་གང་ཡིན་པ་དེ་ནི་སངས་རྒྱས་འབྱུང་བ་ཕུན་སུམ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-13955#UT22084-045-001-13955