Degé Kangyur volume 45, F.50.b

སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ཐམས་ཅད་འཁོར་བར་ཡོངས་སུ་བསྔོ་བ་སྟེ། དཔེར་ན་རང་སངས་རྒྱས་བདུན་བརྒྱ་ལ་སྦྱིན་པ་བྱིན་པ་གང་ཡིན་པ་དེ་ནི་ལྷག་མ་མེད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ལྷག་མ་མེད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །​ངན་སོང་དུ་སྐྱེ་བས་འཇིགས་པའི་བཟོད་པ་གང་ཡིན་པ་དེ་ནི་ལྷག་མ་མེད་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །​བདུད་ཀྱི་ལས་ཀྱིས་ཀུན་ནས་དཀྲིས་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་ལྷག་མ་མེད་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །​ཚེའི་ཚད་ཀྱི་མཐར་ཐུག་པའི་བསམ་གཏན་གང་ཡིན་པ་དེ་ནི་ལྷག་མ་མེད་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །​ལྟ་བ་སྔོན་དུ་འགྲོ་ཞིང་སྡུག་བསྔལ་སྤོང་བ་ལ་མོས་པའི་ཤེས་རབ་གང་ཡིན་པ་དེ་ནི་ལྷག་མ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །​དེ་ཅིའི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་མིང་ཐོབ་ཅེ་ན། དེ་དག་ནི་བྱང་ཆུབ་ཐོབ་པ་འཇིག་རྟེན་པ་དང་འཐུན་པར་སྤྱོད་པ་དེས་ན་ཕ་རོལ་ཏུ་ཕྱིན་པའི་མིང་ཐོབ་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའི་ལྷག་མ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་བྱང་ཆུབ་སེམས་དཔའི་རིག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བླ་མ་རྣམས་ལ་རེ་བ་མེད་པར་སྦྱིན་པ་བྱིན་པ་གང་གི་རྣམ་པར་སྨིན་པས་བསྐལ་པ་སྟོང་དུ་འཇིག་རྟེན་པའི་ཟང་ཟིང་ལ་ཡོངས་སུ་སྤྱོད་ཅིང་གནས་ཀྱང་ལུས་ཀྱི་མཐུ་ཉམས་པ་མེད་པ་གང་ཡིན་པ་དེ་ནི་རིག་པ་ཡོངས་སུ་བསྔོས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །​བྱང་ཆུབ་ཀྱི་སྙིང་པོ་དམ་པ་མཆོག་ཐོབ་པས་ཆོས་ཐམས་ཅད་ལ་འགྱོད་པ་མེད་པར་འགྱུར་ཞིང་། གང་གིས་ཐམས་ཅད་མཁྱེན་པ་ཉིད་རྫོགས་པར་བྱང་ཆུབ་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་རིག་པ་ཡོངས་སུ་བསྔོས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་ཐམས་ཅད་མཁྱེན་པ་ཉིད་ལ་དམིགས་ཤིང་། དམིགས་སུ་མེད་པའི་ཆོས་རྣམས་ལ་བཟོད་པ་གང་ཡིན་པ་དེ་ནི་རིག་པ་ཡོངས་སུ་བསྔོས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །​ལམ་ལ་གནས་པའི་སྒྲིབ་པ་ལྔ་རབ་ཏུ་ཞི་བར་འགྱུར་བའི་བརྩོན་འགྲུས་གང་ཡིན་པ་དེ་ནི་རིག་པ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-13954#UT22084-045-001-13954