།བདེ་གཤེགས་སྐལ་ལྡན་ཤིང་རྟ་བུ་རམ་ཆང་མཁན་ཚེ། །དེ་བཞིན་གཤེགས་པ་ཡོན་ཏན་དམིགས་པ་བྱིན་དེ་ལ། །སྐྱུ་རུ་ར་ཡི་བཅུད་ཁུ་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་གསེར་མཆོག་ཚ་འཚོང་ཚེ། །དེ་བཞིན་གཤེགས་པ་གཙང་མར་གནས་དེ་དག །ཟླ་བ་གསུམ་དུ་ཚྭ་ལ་སྤྱན་དྲངས་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རྣམ་པར་གྲོལ་གཙུག་ཞིང་སྲུངས་ཚེ། །དེ་བཞིན་གཤེགས་པ་དྲི་ཞིམ་སྤོས་དེ་ལ། །རྒུན་འབྲུའི་བཅུད་ཁུ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཆོས་ལྡན་ཡུར་བ་མཁན་གྱི་ཚེ། །ཡུར་བ་དག་ནི་བརྐོས་ཏེ་བྱས་ནས་ཀྱང་། །དེ་བཞིན་གཤེགས་པ་ཟླ་བའི་འོད་དེ་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྤོས་གནས་ཚོང་དཔོན་ཆུང་མའི་ཚེ། །དེ་བཞིན་གཤེགས་པ་རི་བོའི་ཕུང་པོ་ལ། །དབྱར་གནས་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་དྲེགས་སྤངས་སྨན་པའི་ཚེ། །དེ་བཞིན་གཤེགས་པ་མེ་ཏོག་དེ་ལ་ནི། །འབྲུ་མར་བཏུང་བ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡེ་ཤེས་མཛོད་ནི་ཐགས་མཁན་ཚེ། །དེ་བཞིན་གཤེགས་པ་བློ་གྲོས་མཆོག་དེ་ལ། །རས་ཀྱི་ཁ་ཚར་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཚངས་གཤེགས་ཚོང་དཔོན་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་མཆོད་པར་འོས་དེ་ལ། །མེ་ཏོག་འབར་ཤིའི་ཆུན་ཕྲེང་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཙན་དན་ཚོང་པའི་ཚེ། །དེ་བཞིན་གཤེགས་པ་རི་དབང་བརྩེགས་པ་ལ། །བ་སོ་དག་ལས་བྱས་པའི་གདན་ཁྲི་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མྱ་ངན་མེད་པ་གསེར་མགར་ཚེ། །དེ་བཞིན་གཤེགས་པ་འོད་འབར་དེ་ལ་ནི། །དངུལ་ལས་བྱས་པའི་མེ་ཏོག་གཏོར་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་སེང་གེའི་འོད་ཟེར་ནི། །ཨ་བ་ཀ་རར་གྱུར་ཚེ་དེ་བཞིན་གཤེགས། །སྣང་བའི་གཙོ་ལ་ཨ་བ་ཀན་ཕུལ་ནས།