Degé Kangyur volume 45, F.313.b
།མེ་ལོང་དང་ནི་བླ་རེ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རྙོག་པ་མེད་དོན་ཤིང་སྲུངས་ཚེ། །དེ་བཞིན་གཤེགས་པ་ཚོགས་ཀྱི་གཙོ་དེ་ལ། །ཚེམས་ཤིང་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དྲག་ཤུལ་སྡེ་ནི་ཁྱེའུ་ཡི་ཚེ། །དེ་བཞིན་གཤེགས་པ་སྤོས་ངད་ཞིམ་པོ་ལ། །ཕྱག་དར་སྙིམ་པ་གང་ཞིག་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བསོད་ནམས་གཟི་བརྗིད་ལྕི་འཚོང་ཚེ། །དེ་བཞིན་གཤེགས་པ་མཁས་པས་བསྔགས་དེ་ལ། །ལྷུང་བཟེད་བཀྲུ་ཕྱིར་ལྕི་བའི་གོང་བུ་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མཐུ་རྩལ་ཅན་ནི་རྩྭ་འཚོང་ཚེ། །དེ་བཞིན་གཤེགས་པ་བསོད་ནམས་མུ་སྟེགས་ལ། །རྩྭ་ཁུར་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཐོགས་མེད་བློ་ནི་མགར་བའི་ཚེ། །དེ་བཞིན་གཤེགས་པ་ཤེས་རབ་འོད་དེ་ལ། །མཚོན་ཆ་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྒྲ་གཅན་ལྷ་ནི་ལྕགས་མགར་གྱི། །ཁྱེའུ་ཡི་ཚེ་ན་དེ་བཞིན་གཤེགས་པ་པོ། །ཡེ་ཤེས་གོ་ཆ་ལ་ནི་ཁབ་ཕུལ་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡེ་ཤེས་ཕུང་པོ་འདྲེག་མཁན་ཚེ། །དེ་བཞིན་གཤེགས་པ་མདངས་སྟོབས་སྐྱེ་བ་ཡི། །སྲེག་ཤང་དག་ཅིག་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཁ་ལོ་སྒྱུར་བ་དབུལ་པོའི་ཚེ། །དེ་བཞིན་གཤེགས་པ་གཟི་བརྗིད་དྲག་ཤུལ་ལ། །མཆིལ་ལྷམ་རིམ་གཅིག་པ་དག་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྐྱེ་དབང་མཚུངས་ནི་གྲོང་ཁྱེར་ན། །རྟེན་ཚེ་བདེ་གཤེགས་སངས་རྒྱས་དགྱེས་དེ་ལ། །མོན་སྲན་གྲེའུ་དག་གིས་གཏོར་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མེ་ཏོག་ཏོག་ནི་རྒྱལ་གཙོ་ཡི། །ཁྱེའུ་ཡི་ཚེ་ན་བདེ་གཤེགས་གསལ་རྒྱལ་ལ། །མཆིལ་མའི་སྣོད་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྒྲ་གཅན་འཛིན་ནི་འདྲེག་མཁན་ཚེ། །དེ་བཞིན་གཤེགས་པ་ཐམས་ཅད་དགྱེས་པ་པོ། །
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14480#UT22084-045-001-14480